བོད་ཀྱི་རྒྱལ་ཡོངས་མང་གཚོ་ཚོགས་པའི་གདན་ཞུས་གོ་སྒྲིག་འོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མང་གཙོ་དང་ཆིག་སྒྲིལ་ཐོག་གསུང་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་གོ་སྒྲིག་འོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་༼མང་གཙོ་དང་ཆིག་སྒྲིལ་༽ བཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ་ཆ་ཚང་ཚོགས་དྲུང་ལས་ཁུངས་ནས་ཡིག་ཐོག་ཕབས་ཡོད་པ་གཤམ་གསལ་ལྟར་འདིའི་དྲྭ་རྒྱུའི་ནང་བཀོད་འབུལ་ཞུ་རྒྱུ་ཡིན།

དེ་ཡང་ཉིན་འདིའི་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གཏམ་བཤད་འབྲེལ་གཞི་རྩའི་ང་ཚོ་མང་གཙོ་རེད་ལ་ཆིག་སྒྲིལ་མི་འདུག་ཞུ་ཡི་མེད་དེ་ང་ཚོའི་མང་གཙོ་དེ་རྒྱལ་ཁབ་རང་བཙན་ཡོད་པའི་མང་གཙོ་དང་མ་འདྲ་པའི་བོད་རང་བཙན་ཤོར་ནས་སྐྱབས་བཅོལ་པའི་གནས་བབས་ཞིག་གི་འོག་ནས་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཞིག་དང་མི་རིགས་ཞིག་ཡིན་དུས་མང་གཙོ་ལས་གལ་ཆེ་བ་རྩོ་དོན་འཐབ་རྩོད་བྱེད་རྒྱུ་དེ་ཡིན་པ་དང་། རྩ་དོན་འཐབ་རྩོད་བྱེད་པར་མེད་དུ་མི་རུང་པའི་ཆ་སྐྱེན་དེ་ཆིག་སྒྲིལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་དུ་གདན་འདྲེན་ཞུས་ནས་གོང་གསལ་བརྗོད་གཞི་འདིའི་ཐོག་གསུང་བཤད་གོ་སྒྲིག་ཞུས་པ་ཡིན་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༥ ཉིན་སྔ་དྲོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན།

དེ་རིང་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་དུ་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་མང་གཙོ་དང་ཆིག་སྒྲིལ་གྱི་བརྗོད་གཞི་འདིའི་ཐོག་གོ་སྒྲིག་གནང་བ་དང་། འདིའི་ཐོག་ཕེབས་པའི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། དེ་བཞིན་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་འགོ་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། དགོན་སྡེ་ཁག་གི་སྐུ་ཚབ། རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། རང་བདེན་ཚོགས་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་གྱི་ཚོགས་གཙོ། དེ་བཞིན་བརྒྱ་དཔོན་རྣམ་པ་དང་། མི་མང་བཅས་ཚང་མར་ངའི་ངོས་ནས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་གོང་དུ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོས་དགོས་པ་རྒྱུ་མཚན་རོབ་ཙམ་གསུངས་སོང་།

རྩ་བའི་རྒྱལ་ཡོངས་མང་གཙོ་ཚོགས་པ་དགུ་བཅུ་གོ་གྲངས་ནས་ད་བར་དུ་སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྲོལ་དེ་ཚོ་མ་ཉམས་པར་གནས་ཐུབ་པ་དང་། དེ་ཡང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་རེེད། དེ་འདྲའི་ཐོག་ལ་ཕྱག་ལས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་ཁ་སང་རྡ་རམ་ས་ལར་ཕྱི་ཟླ་ ༥ པའི་ནང་སྦེལ་ཀོབ་ལུགས་བསམ་དུ་མང་གཙོ་དང་ཆིག་སྒྲིལ་སྐོར་ལ། གཏམ་བཤད་ཅིག་གོ་སྒྲིག་ཞུ་ཡི་ཡོད། དེའི་ཐོག་ལ་ཚོགས་གཙོ་བཅར་ཐུབ་ན་ཡག་པོ་འདུག་ཅེས་ཡིག་ཐོག་ཏུ་གནང་སོང་། དེ་དུས་སྟབས་འདྲ་པོ་མ་སྒྲིག་པར་ང་ཕྱི་ལོགས་ལ་འགྲོ་དགོས་ཀྱི་དུས་ཚོད་ཞིག་འཁེལ་ནས་བཅར་ཐུབ་མ་སོང་། དེའི་རྗེས་སུ་རྡ་རམ་ས་ལར་རྒྱལ་ཡོངས་མང་གཙོ་ཚོགས་པས་ན་གཞོན་འགོ་འཁྲིད་ཟབ་སྦྱོང་ཞེས་བཙན་བྱོལ་ནང་གི་མཐོ་སློབ་ནང་ཡོད་མཁན་དང་འཛིན་གྲྭ་བཅུ་གཉིས་ནང་ཕེབས་ཡོད་པ་བཅས་ལ་འགོ་འཁྲིད་ཀྱི་ཟབ་སྦྱོང་ཞིག་སྤྲད་སོང་། དེ་དུས་ཚོགས་གཙོ་དབུ་འབྱེད་སྐབས་ཡོང་རོགས་གྱིས་ཞེས་པ་ལྟར་བཅར་བ་ཡིན། སྐབས་དེ་དུས་ཀྱང་ཚོགས་གཙོ་མཆོག་གིས་ས་གནས་ལྷོ་ཕྱོགས་རང་ལ་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་དགོངས་དོན་གྱི་ཐོག་ནས་མང་ཚོགས་ཀྱི་ནང་ལ་མང་གཙོ་དང་ཆིག་སྒྲིལ་ད་ལྟའི་དུས་ཚོད་ལ་གལ་ཆེན་ཞིག་རེད་འདུག དེའི་ཐོག་ལ་གཏམ་བཤད་གནང་བར་ཕེབས་ཐུབ་ན་ཡག་པོ་འདུག་ཅེས་ངག་ཐོག་ནས་ཀྱང་གསུང་བྱུང་། དེ་དུས་ལྟ་ཡོང་ཞེས་ཞུས་པ་ཡིན། གང་ཡིན་ཞེས་ན་དུས་ཚོད་དེ་ཡང་གཏན་འཁེལ་ལ་མ་འཁེལ་ཐོག་ནས་ཡོང་ཐུབ་མིན་དུས་ཚོད་ཞུ་ཐུབ་ཀྱི་མི་འདུག དེ་རྗེས་ཡིག་ཐོག་ནས་ཀྱང་གནང་འདུག ཡིག་ཐོག་ལ་གནང་ཡོད་དུས་སྤྱི་འཐུས་རྒྱུན་ལས་ནས་ད་ཐེངས་ཚོགས་གཙོ་བཅར་རྒྱུ་བཀའ་འཁྲོལ་བ་ཡིན་དུས་ད་རེས་ང་མར་ཡོང་དགོས་པའི་བརྒྱུད་རིམ་དེ་འདྲ་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་བརྗོད་གཞི་མང་གཙོ་དང་ཆིག་སྒྲིལ་གྱི་སྐོར་ལ་ཆགས་ཡོད་པ་རེད། རྩ་བའི་ང་འདྲ་པོར་མཚོན་ན་ཆོས་ཀྱི་སློབ་གྲྭ་ཟེར་ནའང་འདྲ། མཐོ་སློབ་བཤད་གྲྭ་དེ་འདྲ་ཞིག་གི་ནང་གཙོ་བོ་ནང་དོན་རིག་པའི་ཐོག་ལ་སློབ་སྦྱོང་བྱས། དེའི་ཐོག་ངས་ཞུ་དགོས་ན་ཕལ་ཆེར་ཏོག་ཙམ་ཞུ་ཐུབ་ཀྱི་རེད། ཡིན་ནའང་ལུང་དང་རིགས་པ། དགག་གཞག་སྤང་གསུམ་ནས་ཞུ་དགོས་ན་དེ་བས་ཁག་པོ་ཡིན་རུང་ཏོག་ཙམ་ཞུ་ཐུབ་ཀྱི་རེད། དེ་ཡིན་སྟབས་མང་གཙོ་དང་ཆིག་སྒྲིལ། ལྷག་པར་དུ་མང་གཙོར་ཆ་མཚོན་ན་ཧ་ཅང་གི་རྒྱ་ཆེན་པོ་ཡིན་པ། རྒྱ་ཆེན་པོ་ཟེར་བ་དེར་ཡང་བཤད་སྟངས་མི་འདྲ་བ་མང་པོ་ཡོད་པ། དེ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་རིགས་པའི་ཐོག་ནས་སྤྱི་ཚོགས་སྐྱོང་ཚུལ་གྱི་ལྟ་གྲུབ་ཆ་ཚང་བ་ཞིག་ཡོད་པས་གཞི་རྒྱ་ཆེན་པོ་ཆགས་ཀྱི་ཡོད། དེའི་ནང་ནས་ང་ཚོའི་སྤྱི་ཚོགས་ནང་ལ་གཙོ་བོ་༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་ཆེ་བཞེས་ཀྱི་ཐོག་ནས་མང་གཙོའི་སྒྲིག་འཛུགས་གསོལ་སྩལ་གནང་ནས་ད་ལྟ་བར་དུ་མང་གཙོའི་ལམ་ལུགས་ཐོག་འགྲོ་བཞིན་པ་ཞིག་རེད། དེ་བཞིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་མང་གཙོའི་སྐོར་ལ་བཀའ་སློབ་གསུངས་པ་དེ་འདྲའི་རིགས་ཤིག་རེད་མ་གཏོགས། ང་རང་ཚོའི་བོད་ཀྱི་སྐད་ཡིག་དང་སློབ་སྦྱོང་ནང་དུ་ཆབ་སྲིད་དང་ལྷག་པར་མང་གཙོའི་སྐོར་ཧ་ཅང་ཉུང་ཉུང་འདྲ་པོ་རེད། དེ་ཚོའི་ཐོག་ནས་ང་འདྲ་པོ་ཞིག་གིས་རྒྱུས་ལོན་ཚང་མ་བྱེད་མ་ཐུབ་པའི་གནས་སྟངས་ཤིག་དང་། གཉིས་ནས་རྒྱུ་ཆ་མེད་པའི་གནས་སྟངས་རེད། རྒྱུ་ཆ་ཟེར་བ་དེ་ཡང་ང་རང་ཚོའི་བོད་ཀྱི་སྐད་ཡིག་ནང་དུ་ཡོད་དགོས་ཀྱི་རེད། དེ་འདྲའི་གནས་སྟངས་ཐོག་ནས་ཆ་ཚང་ཞིག་བཤད་དགོས་ན་ཕལ་ཆེར་ཁག་པོ་ཆགས་པའི་གནས་སྟངས་རེད། ཡིན་ནའང་ང་རྡ་རམ་ས་ལར་ ༢༠༠༦ ནས་ཕྱིན་པ་རེད། ད་ལྟ་བར་དུ་རྡ་རམ་ས་ལར་བསྡད། དང་པོ་སྤྱི་འཐུས་དཀྱུས་མའི་འགན་འཁུར་ཞུས། དེ་ནས་སྤྱི་འཐུས་སྐབས་ ༡༥ པའི་སྐབས་སུ་སྤྱི་འཐུས་ཚོགས་གཞོན་གྱི་ལས་འཁུར་ཞུས་ཡོད། ད་ལྟ་སྐབས་ ༡༦ པའི་སྐབས་སུ་སྤྱི་འཐུས་ཚོགས་གཙོའི་འགན་འཁུར་ཞུ་བཞིན་པ་བཅས་དེ་འདྲ་བྱས་པ་ཡིན་དུས་ཉམས་མྱོང་ཟེར་ནའང་མི་འདུག་འགྲོ་སྟངས་ཀྱི་ཐོག་ནས་རྒྱུས་ལོན་ཏོག་ཙམ་ཞིག་ཆགས་ཡོད། ཡིན་ནའང་ལྟ་གྲུབ་ཆ་ཚང་བ་ཞིག་བཤད་དགོས་ཟེན་ན་ཧ་ཅང་ཁག་པོ་ཆགས་ཀྱི་འདུག དེ་འདྲ་སོང་ཙང་ང་ཚོའི་དེ་རིང་གི་བརྗོད་གཞི་དེ་རྒྱ་ཆེན་པོ་ཡིན་དུས་རྣམ་པ་ཚོ་ལ་ཐུགས་ཕན་སོས་ཐུབ་རྒྱུ་ཆ་ཚང་བ་ཞིག་བཤད་ཐུབ་མིན་ཞུ་ཤེས་ཀྱི་མི་འདུག བྱས་ཙང་འདོད་པ་མ་ཁེངས་བ་ལྟ་བུ་བྱུང་བ་ཡིན་ན་ངས་གོང་དུ་ཞུས་པའི་རྒྱུ་མཚན་དེ་ཚོར་དགོངས་པ་བཞེས་ནས་བསམ་ཤེས་གནང་ཐུབ་ན་ཡག་པོ་མེད་དམ་བསམ་གྱི་འདུག་དེ་གཅིག་ཞུ་རྒྱུ་ཡིན། དེང་སྐབས་སྤྱི་ཚོགས་ནང་ལ་རེད། ཆབ་སྲིད་ཀྱི་ལམ་ལུགས་སྐྱོང་སྟངས་ནང་ལ། མང་གཙོ་དང་། རྒྱལ་པོའི་རིང་ལུགས། དམར་ཤོག་རིང་ལུགས། དེ་ཚོའི་གྲས་མང་བ་ཆགས་ཀྱི་འདུག དེ་ཡིན་དུས་མང་གཙོ་ཟེར་བ་དེའི་བྱུང་ཁུངས་འདྲ་པོ་གཙོ་བོ་ལོ་རྒྱུས་ཀྱི་བྱུང་རིམ་འདྲ་པོ་ཞིག་ང་ཚོས་བརྩད་ཆོད་བྱེད་དགོས་ཀྱི་ཡོད་དུས། མཁས་པ་རིགས་གཅིག་གིས་ཤར་ཕྱོགས་པ་ཟེར་ནའང་འདྲ། གནའ་རབས་ནས་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༦༠༠ དེ་འདྲ་ནས་རྒྱ་གར་ནང་ལ་ཡངས་པ་ཅན་ཞེས་གྲོང་འཁྱེར་ཆེན་པོ་དྲུག་དང་བརྒྱད་དེ་འདྲ་བརྩིས་ཀྱི་ཡོད་རེད། ཡངས་པ་ཅན་ཀྱི་གྲོང་འཁྱེར་ནང་ལ་ཚོགས་ཀྱི་གཙོ་བོ་ཞེས་དེ་འདྲའི་མང་གཙོ་ཡི་ལམ་ལུགས་དེ་འདྲ་བྱུང་ཡོད་རེད་ཅེས་བཤད་ཀྱི་ཡོད། དེ་ཤར་ཕྱོགས་ཀྱི་རིག་པའི་གཞུང་ལུགས་ནང་ལ་མང་གཙོ་བྱུང་བ་བཤད་ཚུལ་གཅིག་རེད།

དེང་སང་ཡོངས་གྲགས་ལ་བཤད་བསྡད་ཡ་དེ་མང་གཙོ་ཟེར་ཡ་དེ་མང་ཆེ་བས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལྟ་གྲུབ་རིག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་རེད་། དེ་ཡང་དཔེར་ན། ཐོག་མ་མང་གཙོ་ཟེར་བ་དེ་གང་ནས་ཡོང་བ་རེད་ཅེས་ཟེར་ན་གྷི་རི་སི་(Greece) ནས་ཡོང་བ་དང་གྷི་རི་སི་ཡི་སྐད་ཀྱི་ཐོག་ལ་ཐ་སྙད་དེ་ (Demo Kratos)ཟེར་གྱི་འདུག ཌི་མོ་ཟེར་ན་མི་མང་དང། ཁ་ཊོ་ཟེར་ན་མི་མང་ཀྱི་ནུས་པའམ་མི་མང་གིས་དབང་བསྒྱུར་ཞེས་དེ་འདྲ་ཞིག་ལ་འགྲེལ་བཤད་རྒྱག་གི་འདུག ཨིན་ཇིའི་ནང་ལ་སྒྲ་གདངས་གང་ལ་གང་འཚམ་འདྲ་པོ་འདུག་ཀྱང་མིང་ཚིག་འདྲ་ཡི་མི་འདུག ཨིན་ཡིག་ནང་ལ་ (Democracy) ལབ་གྱི་འདུག གང་ལྟར་མང་ཚོགས་ཀྱི་ནུས་པའམ་མང་ཚོགས་ཀྱིས་དབང་བསྒྱུར་ཞིག་ལ་མང་གཙོ་ཟེར་བའི་གོ་དོན་ཞིག་དང་། དེ་ཡིན་དུས་ང་རང་ཚོའི་བོད་ཀྱི་ཐ་སྙད་ནང་ལ་”མང་གཙོ།” དང་ “དམངས་གཙོ།” ཞེས་འབྲི་སྟངས་ཡོངས་གྲགས་གཉིས་ཡོང་གི་ཡོད་རེད། དེར་འགྲེལ་བཤད་རྒྱག་སྟངས་ཤིག་གིས་རེད་མ་གཏོགས་སྒྲ་རང་གི་ཐོག་ནས་མང་གཙོ་ཟེར་བ་དེ་མི་མང་གི་བསམ་ཚུལ་གཞི་ལ་འཇོག་དགོས་པ། མི་མང་གཙོ་བོ་བྱེད་དགོས་པ་དེ་འདྲ་ཞིག་ལ་ངོས་འཛིན་བྱས་ན་མ་འགྲིག་པ་མེད་པ་ཞིག་འདུག མང་བས་ཐག་བཅད་པ་ལ་ཉུང་བས་མོས་མཐུན་གནང་དགོས་པ་ལྟ་བུ་ལའང་གོ་ཡི་འདུག།

མང་གཙོ་ཟེར་བ་དེ་གོང་དུ་ཞུས་པ་བཞིན། མང་གཙོའི་ལམ་ལུགས་ནང་ལ་ལག་བསྟར་བྱེད་སྟངས་མི་འདྲ་བ་རིགས་ཁ་ཤས་ཡོང་གི་འདུག དཔེར་ན། ཐད་ཀའི་མང་གཙོ་དང་། བརྒྱུད་ནས་མང་གཙོ་ཟེར་བ་ཞིག ཐད་ཀའི་མང་གཙོ་ཟེར་བ་དེ་སོ་སོའི་རྒྱལ་ཁབ་ཡིན་ནའང་འདྲ། གྲོང་སྡེ་ཡིན་ནའང་འདྲ་དེའི་ནང་ནས་འགོ་འཁྲིད་ཅིག་འདེམས་དགོས་ན་མི་མང་ཚང་མ་འཛོམས་ནས། མི་མང་རང་ནས་ཐད་ཀར་འདེམས་བསྐོ་བྱེད་པ་དང་། འགྱུར་བ་གཏོང་རྒྱུ་བཅས་ཀྱི་དབང་ཚད་དེ་མི་མང་རང་གིས་ཐད་ཀར་གནང་བ་དེར་ཐད་ཀའི་མང་གཙོ་ཟེར་བ་དང་། དེ་སྔོན་ (Switzerland)དང་། ལུང་པ་འགའ་ཞིག་ལ་ཡོད་པ་འདྲ། དེང་སང་མང་ཆེ་བ་ནི་བརྒྱུད་ནས་མང་གཙོ་ཞེས་པ་ལྟར་དང་པོ་མང་ཚོགས་ཀྱིས་འཐུས་མི་ཞིག་ལ་འོས་བླུགས། འཐུས་མི་དེ་བརྒྱུད་ནས་འཛིན་སྐྱོང་གནང་བ་དེ་འདྲ་ཞིག་ལ་བརྒྱུད་ནས་མང་གཙོ་ཞེས་པ་དེ་གཅིག་ཡོང་ཀྱི་འདུག།

མང་གཙོ་ལ་གལ་ཆེ་བ་གཅིག་གང་ཆགས་ཀྱི་འདུག་ཅེ་ན། གནའ་སྔ་མོར་མཚོན་ན་རྒྱལ་པོའི་རིང་ལུགས་མང་བ་ཆགས་ཀྱི་ཡོད་དུས་ཁྲིམས་ཀྱང་རྒྱལ་པོས་བཟོ་བ་དང་། ཁྲིམས་ལག་བསྟར་ཡང་རྒྱལ་པོས་གནང་བ། ཁྲིམས་དང་འགལ་བའི་ཉེས་པ་ཡང་རྒྱལ་པོ་རང་གིས་བཀའ་ཆད་དང་ཉེས་ཆད་གཏོང་བ་དེ་འདྲའི་ལམ་ལུགས་ཤིག་ཆགས་ཡོད་རེད། མི་གཅིག་གི་ལག་པ་ནང་དབང་ཆ་མི་འདྲ་བ་གསུམ་ཡོད་པ་ཆགས་ཀྱི་ཡོད། མང་གཙོ་དར་རྒྱས་བྱུང་བ་ནི་དེའི་རྗེས་སུ་མང་གཙོའི་ཀ་བ་གསུམ་ཟེར་ནས་དབང་ཆ་དེ་ཚོ་ཆ་བགོས་བྱེད་པ། དཔེར་ན། ཨིན་སྐད་དུ་ (Executive)འཛིན་སྐྱོང་དང། (Judiciary)ཁྲིམས་ཞིབ་ཁང་། (Legislative)གྲོས་ཚོགས་བཅས་དེ་འདྲར་དབང་ཆ་ཆ་བགོས་བྱས།

གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་དེ་ཁྲིམས་བཟོ་རྒྱུ་དེ་རེད། ལུང་པ་དེ་ལ་ཁྲིམས་གང་འདྲ་བཟོ་དགོས་ཀྱི་ཡོད་ནའང་གྲོས་ཚོགས་ཀྱིས་བཟོ་རྒྱུ་དང་། ཁྲིམས་དེའི་དགོངས་དོན་ལག་བསྟར་བྱེད་མཁན་དེ་འཛིན་སྐྱོང་གིས་ལས་འགན་དང་ལག་བསྟར་གནང་དགོས་པ། ཁྲིམས་དེ་ལག་བསྟར་གནང་བའི་སྐབས་སུ་ཁྲིམས་ཀྱི་གོ་དོན་མཐུན་མ་མཐུན་གྱི་གནས་སྟངས་ཆགས་ཡོང་དུས་ཁྲིམས་ཞིབ་ཁང་གིས་དེའི་ཐོག་ལ་ཁ་གསལ་པོ་བཟོ་རྒྱུ་དང་། བཅད་ཁྲ་གཏོང་རྒྱུའི་ལས་འགན་དང་ལག་བསྟར་བྱུ་རྒྱུའི་དབང་ཚད་ཡོད་རེད། དེ་འདྲ་སོང་ཙང་སྡེ་ཚན་གསུམ་ཀྱི་ནང་ལ། བོད་སྐད་དུ་བརྗིད་མཉམ་སྟངས་འཛིན་ལབ་ཀྱི་འདུག བརྗིད་མཉམ་སྟངས་འཛིན་ཨིན་སྐད་ཐོག་(Check of Balance)གཅིག་ལས་གཅིག་མཐོ་དམན་དང་། གཅིག་གིས་གཅིག་ལ་དབང་བསྒྱུར་བྱ་རྒྱུའི་དབང་ཚད་དེ་ཡོད་མ་རེད། ཡིན་ཡང་གཅིག་གིས་གཅིག་ལ་ཞུ་དག་གཏོང་རྒྱུའི་ནུས་པ་ཡོད་པ། དཔེན་ན་། འཛིན་སྐྱོང་ཀྱི་བྱེད་སྟངས་འགྲིག་མ་འགྲིག་ཐོག་ནས་གྲོས་ཚོགས་ཀྱི་ཐོག་ནས་དྲི་བ་དྲིས་ལན་དང། དེའི་ཐོག་ལ་ཞུ་དག་གཏོང་བའི་དབང་ཚད་དེ་ཡོད་བསྡད་པ་ཞིག་རེད། ཡང་འཛིན་སྐྱོང་གི་ལས་དོན་བྱེད་སྟངས་རིགས་ལ་ཁྲིམས་དོན་ཞུ་གཏུགས་བྱུང་བ་ཡིན་ན། ཁྲིམས་ཞིབ་ཁང་ནས་དེ་ལ་ཉེས་ཆད་བཅད་ཁྲ་གཏོང་ཆོག་པ་བཅས་ཀྱི་ཐོག་ནས་མང་གཙོའི་ལམ་ལུགས་ནང་དུ་འགྲོ་སྟངས་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག

དེ་ཚོའི་འགྲོ་སྟངས་མང་བ་དེ་ནུབ་ཕྱོགས་ཀྱི་འགྲོ་སྟངས་ཚགས་ཚུད་པོ་དང་སྤུས་དག་པོ། ཆབ་སྲིད་ཀྱི་ལྟ་གྲུབ་རིག་པའི་ནང་ལ་ཁུར་ལོ་བ་གལ་ཆེ་བ་ཞིག་ཆགས་ཡོད། དེ་ཚོའི་རིགས་ཤར་ཕྱོགས་སུའང་མང་གཙོ་ལམ་ལུགས་ནང་ཤུགས་ཆེན་པོ་ཆགས་ཡོད་རེད། དཔེར་ན། ང་ཚོ་གནས་ཡུལ་རྒྱ་གར་ལྟ་བུ་ཡིན་ན། མི་འབོར་མང་ཤོས་ཀྱི་མང་གཙོ་ཚད་མཐོ་ཤོས་ཤིག་ལ་བརྩིས་ཀྱི་འདུག་ལ། ལག་ལེན་ཡང་བསྟར་གྱི་ཡོད་རེད། དེ་འདྲའི་ཐོག་ནས་མང་གཙོ་ཀ་བ་གསུམ་ཀྱི་སྒྲོམ་གཞིའི་ཐོག་ནས་ལས་དོན་གནང་ཕྱོགས་དེ། མང་གཙོའི་ལམ་ལུགས་ལག་བསྟར་གནང་བའི་ནང་ནས་གལ་ཆེན་པོ་གཅིག་དེ་རེད་འདུག

ད་དུང་མང་གཙོའི་ནང་དུ་གལ་ཆེན་པོ་གཅིག་གང་རེད་ཅེ་ན། ང་རང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཡང་བཀོད་ཡོད་རེད། མི་རིགས་ཚང་མ་འདྲ་མཉམ། མི་རིགས་ཚང་མ་འདྲ་མཉམ་ཟེར་བ་དེ། ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་བཟོས་པ་རེད། དཔེར་ན། ལུང་པ་དེ་ཡི་སྲིད་འཛིན་ཡིན་ནའང་འདྲ། སྲིད་བློན་ཡིན་ནའང་འདྲ་། དེ་དང་མི་མང་དཀྱུས་མ་ཞིག་ཁྲིམས་ཐོག་ལ་འགྲོ་དགོས་ཀྱི་ཡོད་ན་གཅིག་པ་གཅིག་རྐྱང་འདྲ་མཉམ་རང་གི་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས། ཁོང་སྲིད་འཛིན་དང་། ཁོང་སྲིད་བློན་རེད་ཅེས་ལབ་ནས་དེར་ཉེས་པ་ཡང་དུ་གཏོང་རྒྱུ་དང་། ཁོ་མི་མང་དཀྱུས་མ་རེད་ཅེས་ཉེས་པ་ལྕི་མོ་གཏོང་རྒྱུ་དེ་འདྲ་མེད་པར་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཀྱི་ཐོག་ནས་འགྲོ་ཐུབ་པ་དང། དེ་བཞིན་དཔལ་འབྱོར་ཀྱི་གནས་སྟངས་འདྲ་མཉམ་ཡོང་ཐབས་གནང་དགོས་རྒྱུ། ནུབ་ཕྱོགས་ཀྱི་ལུང་པ་དེ་ཚོའི་ནང་དཔེར་ན་ཧྥ་རན་སི་ལྟ་བུར་མཚོན་ན་ཧ་ཅང་གི་ཕྱུག་པོ་དང་། ཧ་ཅང་གི་སྐྱོ་པོ་དེ་འདྲ་མེད་པའི་འགྲེལ་བརྗོད་གནང་གི་འདུག གང་ལྟར་གང་ལ་གང་འཚམ་ཀྱི་ཐོག་ནས་འདྲ་མཉམ་འགྲོ་ཐུབ་རྒྱུའི་དཔལ་འབྱོར་ཀྱི་སྲིད་བྱུས་ཡོད་དགོས་པ་གལ་ཆེ་བ་ཞིག་ཡིན་པ་འདྲ། དཔལ་འབྱོར་ཀྱི་ཆབ་སྲིད་ལ་ཚུར་འགྱུར་བ་གཏོང་ཐུབ་རྒྱུའི་ནུས་པ་དེ་འདྲ་འགོག་ཐབས་ཆེད་ཆབ་སྲིད་ཀྱི་ལམ་ལུགས་ཐོག་ནས་དཔལ་འབྱོར་དེ་ཚོ་ལ་འདྲ་མཉམ་ཡོང་རྒྱུའི་སྲིད་བྱུས་བཟོ་ཐུབ་རྒྱུ་དེ་ཚོ་གལ་ཆེན་པོ་ཞིག་ཡིན་པ་འདྲ།

དེ་བཞིན་གོ་སྐབས་འདྲ་མཉམ་ཡང་གལ་ཆེན་པོ་ཞིག་རེད། དེ་འགྲེལ་བཤད་རྒྱག་དུས་མང་བ་དེ་ཤེས་ཡོན་གྱི་ཐོག་ནས་འགྲེལ་བཤད་རྒྱག་གི་འདུག དཔེར་ན། སྔོན་མ་ལུང་པ་འགའ་ཞིག་ཏུ་བུ་མོ་སློབ་གྲྭར་འགྲོ་མི་ཆོག་པ་དང། བུ་གཅིག་པུ་སློབ་གྲྭར་འགྲོ་རྒྱུ་དང་། ཡང་རིགས་མཐོ་བ་དེ་ཚོ་སློབ་སྦྱོང་བྱེད་ཆོག་པ་ལས་རིགས་དམའ་དེ་ཚོས་བྱེད་མི་ཆོག་པའི་ལུགས་སྲོལ་བྱུང་ཡོད། མང་གཙོའི་ལྟ་གྲུབ་ནང་མཆོག་དམན་ཀྱི་དབྱེ་བ་དེ་འདྲ་མེད་པ། སུ་ཡིན་རུང་འདྲ་མཉམ་གྱི་ཐོག་ནས་སློབ་སྦྱོང་གི་གོ་སྐབས་དེ་ལེན་ཆོག་རྒྱུ་དང། སློབ་སྦྱོང་བྱས་པའི་རྗེས་སུ་སུ་ཡིན་ཡང་འོས་བླུག་ཆོག་པ། འོས་གཞིར་ལངས་ཆོག་པ། དེར་བརྟེན་ཁྲིམས་ཀྱི་འདྲ་མཉམ་དང་། དཔལ་འབྱོར་གྱི་འདྲ་མཉམ། གོ་སྐབས་ཀྱི་འདྲ་མཉམ་བཅས་ནི་ཆབ་སྲིད་ཀྱི་མང་གཙོའི་ལྟ་གྲུབ་ཀྱི་ནང་དུ་གལ་ཆེན་པོ་ཞིག་ཡིན་པ་འདྲ།

ད་ལྟ་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ནས་དགོངས་པ་བཞེས་ཏེ་མི་མང་ལ་དེ་འདྲའི་གྱིས་ཤོག་ཅེས་བཀའ་སློབ་རིམ་པ་སྔ་རྗེས་སུ་ཕེབས་པ་དང། དེ་ཡང་མི་མང་གི་བློ་ལ་མ་ཆུད་ནས། མུ་མཐུད་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་རང་གིས་ཕྱག་མཚན་བཞེས་རོགས་གྱིས། ༸སྐྱབས་མགོན་རིན་པོ་ཆེ་རང་གིས་མུ་མཐུད་ནས་ཐུགས་འགན་བཞེས་རོགས་གྱིས་ཞེས་ཡར་ཞུས་ནས། གང་ལྟར་ཁོང་གི་བཀའ་ལྕི་ལྡོག་མེད་ཟེར་ནའང་རེད། མར་གསོལ་སྩལ་གནང་ནས་ང་རང་ཚོས་ད་ལྟ་འགྲོ་བཞིན་པའི་མང་གཙོའི་ལམ་ལུགས་འདི་བྱུང་བ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་ལུང་པ་རིགས་གཅིག་ནང་མང་ཚོགས་རང་གི་ཐོག་ནས་སོ་སོའི་ལུས་སྲོག་ལོངས་སྤྱོད་མང་པོ་ཞིག་བློས་བཏང་ནས་མང་གཙོའི་ལམ་ལུགས་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་དུ་ཞུགས་ནས་མང་གཙོ་ཐོབ་པ་དང། ལུང་པ་དེ་ཚོའི་ནང་ལ་མང་གཙོའི་གོ་རྟོགས་ཤུགས་ཆེ་བ་སླེབས་སྲིད་ཀྱི་རེད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོ་དབུ་བརྙེས་ནས་དུས་རབས་ཕྱེད་ཀ་ལོ་ངོ ༥༨ ཙམ་ཕྱིན་ཡོད། དེ་ཡིན་དུས་ད་ལྟའི་དུས་ཚོད་ནང་ང་ཚོའི་མི་འབོར་ལ་དཔག་པའི་ཤེས་ཡོན་ཀྱི་གནས་ཚད་ཡག་ཐག་ཆོད་ཡོད་རེད། འདྲ་མཉམ་ཀྱི་གནས་སྟངས་ཡོང་ཐུབ་པ་ཡིན་དུས་མ་འོངས་པར་མུ་མཐུད་ནས་མང་གཙོའི་ཐོག་ལ་མདུན་སྐྱོད་བྱེད་དགོས་པ་ཡིན་དུས། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་སྒྲུབ་ཐུབ་རྒྱུའི་འགན་ཞིག་ང་ཚོ་ལ་ཡོད་པ་དེ་ངོས་འཛིན་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག མང་གཙོའི་སྤྱི་ཚོགས་ནང་ལ་མང་གཙོ་ལག་བསྟར་གནང་རྒྱུའི་ཆེད་ཤེས་ཡོན་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག དེ་མེད་ན་མང་གཙོ་ཚད་དང་ལྡན་པ་ལག་བསྟར་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེའི་རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་གནད་དོན་རིགས་གཅིག་སོ་སོས་བསམ་བློ་བཏང་ནས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད། ཞིབ་འཇུག་བྱེད་རྒྱུའི་ནུས་པ་དེ་ཡང་སོ་སོ་ལ་དགོས་ཀྱི་ཡོད། དེ་འདྲའི་ཚད་དང་ལྡན་པ་ཞིག་བྱུང་བ་ཡིན་ན་གནས་ཚུལ་གང་འདྲ་ཞིག་བྱུང་བ་ཡིན་ན་ཡང་། དེར་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྗེས་སུ་འབྲང་རྒྱུ་བཅས་དེ་འདྲའི་སྤྱི་ཚོགས་ཤིག་སླེབས་པ་ཡིན་ན་རིམ་པས་རིག་པའི་རྗེས་འབྲང་གི་སྤྱི་ཚོགས་ཞིག་ཆགས་ཀྱི་རེད། དེ་མ་ཡིན་པར་ང་ཚོ་བོད་པའི་གཏམ་དཔེར་བླུན་པོ་ཆུ་སྣ་གར་འཁྲིད། ཅེས་པ་བཞིན། མི་ཡིན་མདོག་ཁ་པོ་དང་འདྲ་ཆགས་པོ་ཞིག་གིས་སྐད་ཆ་ཞིག་བཤད་ཡོང་དུས་སོ་སོའི་ངོས་ནས་བརྟག་དཔྱད་དང་ཞིབ་འཇུག་མི་བྱེད་པར་ཚད་དང་མ་ལྡན་པ། གནས་འབབ་དང་མ་མཐུན་པའི་རྗེས་སུ་འབྲང་བས་མ་འོངས་པར་རང་ཉིད་སོ་སོར་ནོར་འཁྲུལ་བསླེབས་པ་དང། དེ་ནས་སྤྱི་ཚོགས་ལ་ནོར་འཁྲུལ་བསླེབས་པ། སྒྲིག་འཛུགས་ལ་ནོར་འཁྲུལ་བཅས་སླེབས་ཀྱི་ཡོད།

དེ་མི་ཡོང་བའི་ཐབས་ཤེས་གལ་ཆེ་བ་ནི་ཤེས་ཡོན་རེད། དེའི་ཐོག་ནས་སོ་སོས་དཔྱད་ཞིབ་གནང་ཐུབ་རྒྱུ་དེ་རེད། མང་གཙོའི་ལྟ་གྲུབ་ནང་ནས་མི་མང་ལ་དགོས་རྒྱུ་གལ་ཆེན་པོ་ཞིག་དེ་རེད་འདུག།དེ་དང་མཉམ་དུ་མི་མང་གི་ཆ་ཤས་ལེན་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་རེད་འདུག མི་མང་གི་ངོ་བོ་དེ་མེད་ན་མང་གཙོ་ཟེར་ཡ་དེ་ཡོང་ཐབས་མེད་པ་ཞིག་རེད། དེ་ཡིན་དུས་མི་མང་ནི་མང་གཙོ་ནང་ནས་གཙོ་བོར་འཛིན་དགོས་རྒྱུ་ཞིག་ཆགས་ཀྱི་ཡོད།

ཡང་མང་གཙོའི་ནང་ལ་ཆབ་སྲིད་ཚོགས་པ་ཡོད་དང་མེད་ཅེས་བཤད་ཀྱི་ཡོད། དཔེར་ན། རྒྱ་གར་ནང་ལ་ཆབ་སྲིད་ཚོགས་པ་དབྱེ་རྒྱུ་ཡོད་པ་བཞིན་རྒྱལ་ཁབ་འགའ་ཤས་ལ་ཡང་ཆབ་སྲིད་ཚོགས་པ་གཉིས་སམ་གཅིག་ཀྱི་ངོ་བོའི་ཐོག་ནས་གཞུང་བསྐྱང་རྒྱུའི་ལམ་ལུགས་དེ་འདྲ་ཡང་ཡོད། གང་ལྟར་ཆབ་སྲིད་ཚོགས་པ་དགོས་མི་དགོས་ཞེས་པ་དེ། ཆབ་སྲིད་ཚོགས་པ་དེ་གང་འདྲ་བྱས་ནས་ཡོང་བ་རེད་དམ། དེར་ཞིབ་འཇུག་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཆབ་སྲིད་ཚོགས་པ་དེ་གང་འདྲ་བྱས་ནས་ཡོང་གི་ཡོད་ཟེར་ན། མང་ཚོགས་ཀྱི་བསམ་བློ་མི་འདྲ་བ་མང་པོ་ཡོང་གི་ཡོད་དུས། དཔེར་ན་ང་ཚོ་ནང་པ་སངས་རྒྱས་པར་བདག་ཅག་གི་སྟོན་པའི་བཀའ་ཆོས་གསུངས་ཡག་དེ་ཚོ་ངས་མང་གཙོའི་འགྲོ་སྟངས་ནང་བཞིན་འདྲ་པོ་ཞིག་ཏུ་མཇལ་གྱི་འདུག།དཔེར་ན་བདག་ཅག་གི་སྟོན་པའི་བཀའ་ཆོས་གསུངས་ཡོང་དུས་གདུལ་བྱའི་དབང་པོ་དང། གདུལ་བྱའི་བློའི་རིམ་པ་སྣ་ཚོགས་པ་ལ་གཟིགས་ནས་ཆོས་གསུངས་བ་བཞིན། དཔེར་ན། ཉན་ཐོས་ཀྱི་གདུལ་བྱ་ཡིན་ན། ཉན་ཐོས་ཀྱི་སྡེ་སྣོད་གསུངས། ཐེག་ཆེན་གྱི་གདུལ་བྱ་ཡིན་ན་ཐེག་ཆེན་ཀྱི་སྡེ་སྣོད་གསུངས། ཉན་ཐོས་ཀྱི་གདུལ་བྱ་ལ་ཐེག་ཆེན་ཀྱི་སྡེ་སྣོད་གསུངས་ན་ཐེག་དམན་ཀྱི་བློ་སྐྱེད་ཀྱི་མ་རེད། ཐེག་དམན་ཀྱི་གདུལ་བྱ་ལ་ཐེག་ཆེན་ཀྱི་ཆོས་དེ་གསུངས་ན་བློ་ཆུད་ཀྱི་མ་རེད། དེ་ཡིན་དུས་གང་ལྟར་ང་ཚོ་མང་གཙོའི་སྒྲིག་འཛུགས་ནང་ལ་ཆབ་སྲིད་ཚོགས་པ་མང་པོ་ཡོང་བ་དེ་བསམ་བློའི་ཐོག་ནས་མི་གཅིག་གཉིས་ཀྱིས་ལྟ་གྲུབ་དང་ཡང་ན་མང་ཚོགས་ཀྱི་བསམ་བློ་མཚོན་བྱེད་ལྟ་བུ་ཞིག་ཆགས་ཀྱི་འདུག དཔེར་ན། ནུབ་ཕྱོགས་པས་ཆབ་སྲིད་ཚོགས་པ་སོ་སོར་ཐ་སྙད་བེད་སྤྱོད་གནང་སྟངས། Liberal Party, Conservative Party, Labor Party ཚོགས་པ་དེ་འདྲ་འབོད་པ་དང། དཔེར་ན་ Liberal Party གུ་ཡངས་སམ་རང་དབང་ཚོགས་པ་ཟེར་གྱི་ཡོད་པ་དེ། མང་ཚོགས་ཀྱི་བསམ་བློ་གུ་ཡངས་པོ་ཡོད་པ་ཡིན་ན། མང་ཚོགས་ཀྱི་བསམ་བློ་དང་མཐུན་པའི་ཐོག་ནས་ཆབ་སྲིད་ཚོགས་པར་འདྲ་མིན་བཙུགས་ནས་དེར་འོས་བླུགས་ཡག་དང་རྒྱབ་སྐྱོར་རག་རྒྱུའི་ཐབས་ཤེས་བྱེད་པ་དང། དེ་འདྲའི་ཐོག་ནས་ཆབ་སྲིད་ཀྱི་ཚོགས་པ་ཟེར་བ་དེ་ཕྱོགས་གཅིག་ནས་གཞུང་འཛིན་ཚོགས་པ་ Ruling Party དང་། ཕྱོགས་འགལ་ཚོགས་པ་ Opposition Party དེ་འདྲའི་ཐོག་ནས་འགྲོ་སྟངས་བཟོ་དགོས་ཆགས་པ་དང། སྤྱི་ཚོགས་སམ་མི་མང་ནང་ནས་མོས་མཐུན་ཆ་ཚང་ཐོབ་རྒྱུའི་གཞུང་ཞིག་ཡོང་དགོས་རྒྱུ་ཞིག་ཆགས་ཡོད་རེད། ཡིན་ཡང་དེ་ཡོང་ཐུབ་ཀྱི་མེད། དཔེར་ན། གདུལ་བྱ་རིམ་པའི་བློ་ཡི་རིམ་པ་སྣ་ཚོགས་པ་ཡིན་དུས། དེ་དང་མཐུན་པའི་ཐོག་ནས་ཆབ་སྲིད་ཚོགས་པ་མི་འདྲ་བ་ཡོང་དགོས་ཆགས་ཡོད། རྒྱུ་མཚན་དེས་ཆབ་སྲིད་ཚོགས་པ་འདྲ་མིན་བཟོ་དགོས་པ་བྱུང་བ་ཆགས་ཀྱི་ཡོད།

ཡང་མང་གཙོ་ལམ་ལུགས་ནང་ལ་ཡོངས་གྲགས་བྱས་ན་སྲིད་འཛིན་ལམ་ལུགས་ཟེར་ཡག དེ་ནི་ཨ་རི་ལྟ་བུ་ཡིན་ན་མང་ཚོགས་ཀྱིས་སྲིད་འཛིན་ཐད་ཀར་འོས་བླུགས་ནས་འདེམས་རྒྱུ། རྒྱ་གར་ལྟ་བུ་ཡིན་ན་གྲོས་ཚོགས་ཀྱི་ལམ་ལུགས་ཐོག་ནས་གྲོས་ཚོགས་འོག་མའི་མང་བ་ཞབས་བཀྱག་རག་པ་ཡིན་ན་དེའི་ཐོག་ནས་སྲིད་བློན་བསྐོ་གཞག་བྱ་རྒྱུ་སོགས་གྲོས་ཚོགས་ཀྱི་ལམ་ལུགས་ཅེས་ཆབ་སྲིད་ཀྱི་ལྟ་གྲུབ་རིག་པའི་ནང་ནས་མང་གཙོའི་ལྟ་གྲུབ་རིག་པའི་ནང་ལ་ཁ་སྣོན་བྱེད་སྟངས་ཀྱི་ཐོག་ནས་ཡོང་གི་ཡོད་རེད་བསམ་གྱི་འདུག དཔེེེར་ན། ནུབ་ཕྱོགས་ཀྱི་བཤད་སྟངས་གཅིག་ལ་ Of the People, By the People, For the People གི་ཆེད་ཡིན་པ་ཞིག་བཟོ་ཡི་ཡོད། མི་མང་གི་ཆེད་དུ་མི་མང་གི་གྲུབ་པའི་མི་མང་གི་གཞུང་ཟེར་བ་ཆགས་ཀྱི་ཡོད། དེར་བརྟེན་མང་གཙོ་ཞེས་པ་དེ་གཞུང་དང་མི་མང་དབར་ཁ་བྲལ་རྒྱུ་མེད་པ་ཞིག་ཡིན་པ་དེར་བསམ་བློ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག

ཡང་མང་གཙོའི་ནང་མི་མང་གིས་དབང་བསྒྱུར་ Rule of the People དང་། ཁྲིམས་ཀྱིས་དབང་བསྒྱུར་ Rule of the Law བཅས་ཡོད། ཐོག་མར་མི་མང་ཀྱི་དབང་བསྒྱུར་དེ་མང་བ་ཞིག་ཡོང་གི་ཡོད་པ་འདྲ། ཡིན་ན་ཡང་དེ་ལ་མི་མང་ནས་བསམ་བློ་མི་འདྲ་བ་མང་པོ་ཡོང་དུས་གཅིག་གྱུར་གྱི་མི་མང་གི་བསམ་བློའི་འདོད་པ་སྐོང་ཐུབ་པ་ཡོང་གི་མེད། དེང་སང་མང་པོ་ཞིག་ Rule of the Law ཁྲིམས་ཐོག་ནས་དབང་བསྒྱུར་བྱས་པ་གལ་ཆེ་བ་ལྟ་བུ་ཆགས་ཡོད། གང་ལྟར་དེ་འདྲའི་ཐོག་ནས་མང་གཙོའི་བྱུང་རིམ་ནང་ལ་ཐ་སྙད་བརྗོད་པ་གནའ་རབས་ཀྱི་མང་གཙོ་དང་། དེང་རབས་ཀྱི་མང་གཙོ་ཟེར་བ། གནའ་རབས་ཀྱི་མང་གཙོ་དེ་ Rule of the People དང་དེང་རབས་ཀྱི་མང་གཙོ་དེ་ Rule of the Law ཅེས་ངོས་འཛིན་གནང་། བྱས་ཙང་མང་གཙོ་ཟེར་བ་དེར་གོ་བ་ལེན་ཡོང་དུས་ཁྲིམས་ཀྱི་དབང་བསྒྱུར་ཡོད་པ་ཞིག་ལ་ངོས་འཛིན་རྒྱུ་དང་། ཁྲིམས་དེ་གལ་ཆེན་པོ་ཡིན་པ་ཞིག་དང་། དེའི་ཐོག་ནས་མི་མང་གི་དཔལ་འབྱོར་གནས་སྟངས་དང། ཤེས་ཡོན་གྱི་གནས་སྟངས། འཕྲོད་བསྟེན་གྱི་གནས་སྟངས་བཅས་ཚང་མ་འདྲ་མཉམ་ཡོང་ཐུབ་རྒྱུའི་ཁེ་ཕན་ཡོང་རྒྱུ་དེ་འདྲ་ཆགས་ཀྱི་ཡོད། གང་ལྟར་སྒྲིག་འཛུགས་དེ་མང་གཙོའི་སྒྲིག་འཛུགས་ཡིན་པ་ཞིག་ལ་མི་མང་གི་འདོད་པ་དང་མཐུན་པ་ཁྲིམས་ཀྱི་དབང་བསྒྱུར་ཡོང་གི་འདུག་དང་མི་འདུག་ཅེས་བསམ་བློ་དེ་མང་ཚོགས་ཀྱིས་གཏོང་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག།དེ་ནི་མང་གཙོ་ཡི་ལམ་ལུགས་ནང་ནས་གལ་ཆེའི་གནད་འགག་ཞིག་མིན་ནམ་བསམ་གྱི་འདུག།

དེ་བཞིན་ད་ལྟ་ང་ཚོའི་བཙན་བྱོལ་གྲོས་ཚོགས་ཀྱི་གནས་བབ་ལྟ་བུར་ཡིན་ན་ཧ་ཅང་གི་གལ་ཆེན་པོ་རེད། ང་ཚོའི་ཐ་སྙད་ནང་ལ་གྲོས་ཚོགས་དབུས་ལ་བཞག་ཟེར་བ་ལྟ་བུ། དཔེར་ན། འཛིན་སྐྱོང་དེ་གྲོས་ཚོགས་བརྒྱུད་ནས་ཡོང་དགོས་པ་དང། ཁྲིམས་ཞིབ་ཁང་དེ་ཡང་གྲོས་ཚོགས་བརྒྱུད་ནས་ཡོང་གི་ཡོད། རང་དབང་ཅན་ཀྱི་སྡེ་ཚན་གསུམ། རྩིས་ཞིབ་དང། འོས་བསྡུ། འདེམས་བསྐོ་ལྷན་ཁང་བཅས་གྲོས་ཚོགས་ནས་ཡོང་ཀྱི་ཡོད་རེད་། སྲིད་སྐྱོང་དེ་མི་མང་ཀྱི་འོས་འཕེན་ནས་མི་མང་ཀྱི་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་ཀྱང། སྲིད་སྐྱོང་ཀྱི་ཕྱག་རོགས་བཀའ་བློན་རྣམས་གྲོས་ཚོགས་ནང་འཁུར་ཏེ་གྲོས་ཚོགས་ནས་འོས་བླུགས་ནས་སྤྱི་མོས་སམ་མང་མོས་ཐོག་འདེམས་བསྐོ་གནང་ཀྱི་ཡོད། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ཀྱི་ཁྲིམས་དཔོན་རྣམས་ཀྱང་གྲོས་ཚོགས་ནས་འོས་འདེམས་བྱེད་ཀྱི་ཡོད། དེ་ཡང་དང་པོ་འཆར་འབུལ་ཚོགས་ཆུང་ཞིག་བཙུགས་།

ཚོགས་ཆུང་དེའི་འཆར་འབུལ་དེ་གྲོས་ཚོགས་ལ་ཕུལ་བའི་ཐོག་ནས་འདེམས་བསྐོ་གནང་གི་ཡོད། དེ་བཞིན་འོས་བསྡུའི་འགན་འཛིན་དང་། རྩིས་ཞིབ་འགན་འཛིན། འདེམས་ལྷན་གྱི་ཚོགས་གཙོ་བཅས་འཆར་འབུལ་ཚོགས་ཆུང་གིས་གྲོས་ཚོགས་ལ་ཕུལ་ནས་གྲོས་ཚོགས་ཀྱིས་འདེམས་བསྐོ་གནང་གི་ཡོད་། ཁོང་རྣམ་པ་འདེམས་བསྐོ་བྱ་རྒྱུའི་དབང་ཚད་དེ་གྲོས་ཚོགས་ལ་ཡོད་པ་དང། ལས་དོན་བྱེད་ཕྱོགས་ཀྱི་གནས་སྟངས་ཀྱི་ཐོག་ནས་འཕོ་འགྱུར་གཏོང་རྒྱུའི་དབང་ཚད་དེ་ཡང་གྲོས་ཚོགས་ལ་ཡོད། དེར་བརྟེན་གྲོས་ཚོགས་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ང་ཚོའི་གྲོས་ཚོགས་དེ་སྲིད་འཛིན་ལམ་ལུགས་རེད་དམ། ཡང་ན་གྲོས་ཚོགས་ལམ་ལུགས་རེད་དམ་ཟེར་ན། དེ་ཡང་ཕྱོགས་གཉིས་ཀའི་ལེགས་ཆ་ཡོད་པ་བཞིན། དཔེར་ན། སྲིད་སྐྱོང་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་པ་དང། གཞན་རྣམས་གྲོས་ཚོགས་བརྒྱུད་ནས་བསྐོ་གཞག་གནང་གི་ཡོད་དུས་གྲོས་ཚོགས་ཀྱི་ལམ་ལུགས་ཤུགས་ཆེ་བ་ཆགས་ཀྱི་ཡོད། ང་ཚོའི་ཁྱད་ཆོས་གཅིག་གང་རེད་འདུག་ཅེ་ན། ཆོལ་ཁ་རེ་ནས་འཐུས་མི་བཅུ་རེ་འདེམས་ཆོག་པ་དང། འཐུས་མི་བཅུ་དེའི་འདེམས་ཀ་དེ་མི་སྒེར་སོ་སོ་ལ་ཡོད་རེད། མི་གུ་ཡངས་པོ་ཞིག་དགོས་ན་མི་གུ་ཡངས་ཞིག་འདེམས་མཆོག་གི་ཡོད། མི་རྙིང་ཞན་ཡོད་པ་ཞིག་བདམ་འདོད་ཡོད་ན་དེ་འདྲ་ཞིག་འདེམས་རྒྱུ་དང། ཡང་ན་སློབ་སྦྱོང་གི་གནས་བབ་ཡག་པོ་ཡོད་པ་ཞིག་འདེམས་ཆོག་རྒྱུ་བཅས་ཡོད། ཆབ་སྲིད་ཚོགས་པ་མེད་ནའང་སོ་སོའི་ངོས་ནས་ཆབ་སྲིད་ཚོགས་པའི་རྣམ་པ་ལྟ་བུ་བསམ་བློ་དང་མཐུན་པའི་མི་དེ་འདྲ་ཞིག་དགོས་པ་ཡིན་ན། སོ་སོས་འདེམས་ཆོག་རྒྱུའི་དབང་ཆ་དེ་མི་མང་ལ་ཡོད།

དེ་བཞིན་ང་ཚོའི་མང་གཙོ་ནང་ལ་ཕོ་མོ་འདྲ་མཉམ་དང། རིགས་རུས། མཆོག་དམན་གྱི་འདུ་ཤེས་རྩ་བ་ནས་མེད་པར་གཅིག་པ་གཅིག་རྐྱང་ཡིན་ཞེས་བཅའ་ཁྲིམས་ནང་དུ་ཡང་བཀོད་ཡོད་ལ། ༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་མང་གཙོའི་འགྲེལ་བཤད་གནང་དུས་དེ་འདྲ་ནས་འགོ་བཙུགས་ནས་གནང་གི་འདུག དཔེར་ན། ཐོག་མར་ནུབ་ཕྱོགས་ལུང་པ་མང་པོ་ཞིག་ནང་མི་རིགས་དབྱེ་འབྱེད་བྱེད་པ་དང་འོས་བླུག་རྒྱུ་དེ་སྐྱེས་པ་བུས་མ་གཏོགས་བུད་མེད་ཀྱིས་བླུག་མི་ཆོག་པ། རྗེས་སུ་བུད་མེད་ཀྱིས་འོས་བླུག་ཆོག་པ་ཡིན་ན་ཡང་བུད་མེད་དེས་འོས་གཞིར་ལངས་མི་ཆོག་པ་བཅས་རིམ་པས་འགྱུར་བ་ཕྱིན་ཡོད། བུད་མེད་འོས་གཞིར་ལངས་ཆོག་རྒྱུ་དེ་ཐོག་མ་དེ་ནིའུ་འཛི་ལན་ཌི་ནས་བྱུང་བ་རེད་ཅེས་བཤད་སྲོལ་ཡོད། ཡིན་ཡང་ང་ཚོར་ཐོག་མ་མང་གཙོ་གནང་བ་ནས་བཟུང་སྟེ་ད་ལྟའི་བར་དུ་ཕོ་མོའི་ཐོབ་ཐང་བཅས་འདྲ་མཉམ་གྱི་ཐོག་ནས་གང་ལྟར་གནང་ཡོད། ལྷག་པར་དུ་ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་འདེམས་དགོས་ཀྱི་ཡོད་པ་དང་། དེའི་ནང་ནས་བུད་མེད་སྤྱི་འཐུས་གཉིས་ངེས་པར་དུ་འདེམས་དགོས་ཀྱི་ཡོད། དེ་འདྲའི་ཐོག་ནས་བུད་མེད་ལ་ཐོབ་ཐང་དམིགས་བསལ་སྤྲད་ཡོད་ཅེས་ཞུས་ནའང་མི་ཆོག་པ་མི་འདུག།གང་ལྟར་ཚང་མ་འདྲ་མཉམ་ཡོང་རྒྱུ་དེ་འདྲའི་གནས་ཚད་ཅིག་ཆགས་ཡོད། གལ་སྲིད་ཆབ་སྲིད་ཚོགས་པ་ཞིག་ཡོད་པ་ཡིན་ན་ཚོགས་པ་དེའི་དམིགས་ཡུལ་དང་ལྟ་གྲུབ་དེ་འཐུས་མི་དེའི་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པ་ཆགས་ཀྱི་ཡོད། ང་ཚོའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་མེད་དུས་དེ་འདྲའི་སྲུང་སྐྱོབ་བྱེད་དགོས་པ་ཆགས་ཀྱི་མེད། གྲོས་ཚོགས་ཀྱི་འཐུས་མི་སོ་སོའི་ངོས་ནས་བརྗོད་གཞི་གང་དང་འབྲེལ་བ་ཡོད་པ་དེའི་ཐོག་གླེང་སློང་བྱ་རྒྱུའི་དབང་ཚད་དེ་སོ་སོ་ལ་ཡོད། ང་ཚོའི་གནས་ཡུལ་རྒྱ་གར་གྲོས་ཚོགས་ལྟ་བུ་ཡིན་ན། འཛིན་སྐྱོང་དང་གྲོས་ཚོགས་གང་འཚམ་འདྲ་པོ་ཞིག དཔེར་ན་། ད་ལྟ་ BJP ཡིས་གཞུང་འཛིན་བསྡད་ཡོད་པ་དང། གྲོས་ཚོགས་ནང་ལ་ཡང་ཁོང་ཚོའི་ཆབ་སྲིད་ཚོགས་པའི་ཚོགས་མི་མང་བ་ཆགས་ཀྱི་ཡོད། གང་ལྟར་གྲོས་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཞིག་ཡོང་གི་ཡོད། ང་ཚོའི་བཀའ་ཤག་དང་གྲོས་ཚོགས་དབར་འཛིན་སྐྱོང་ཐོག་འབྲེལ་བ་དེ་ཙམ་མེད། གྲོས་ཚོགས་ཀྱི་འཐུས་མིའི་ཐོག་ནས་འཛིན་སྐྱོང་ལ་ཞུ་དག་གང་འདྲ་གཏོང་ཡང་གཏོང་ཐུབ་རྒྱུ་ཆ་ཚང་བ་ཞིག་ཡོད། ཡིན་ཡང་ང་ཚོའི་གྲོས་ཚོགས་ནང། ཆབ་སྲིད་ཚོགས་པ་མེད་དུས་གཞུང་འཛིན་ཚོགས་པ་ཟེར་བ་དང། ཕྱོགས་འགལ་ཚོགས་པ་མེད་དུས། སྐབས་རེ་གྲོས་ཚོགས་ཀྱི་འཐུས་མིས་འཛིན་སྐྱོང་བཀའ་ཤག་ལ་རྒྱབ་སྐྱོར་ཞུ་དགོས་རྒྱུ་དང། མཚམས་རེ་དྲི་བ་གཏོང་རྒྱུ་དང་ཞུ་དག་གཏོང་རྒྱུ་ཡང་ཡོང་གི་ཡོད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དྲི་བར་ལན་འདེབས་དང་གྲོས་ཚོགས་ལ་འགན་འཁུར་ཞུ་དགོས། དེ་འདྲའི་འགན་འཁུར་བཞེས་སྟངས་ནི་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལ་ངོས་འཛིན་ཞུས་ན་འགྲིག

ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་རྣམས་ང་ཚོ་བཙན་བྱོལ་གྱི་གྲོས་ཚོགས་ནང་ཕེབས་ཀྱི་ཡོད་རེད། ཁོང་ཚོར་གྲོས་ཚོགས་འགྲེལ་བཤད་རྒྱག་སྐབས་ཁོང་རྣམས་ཀྱིས་བསྔགས་བརྗོད་གནང་གི་འདུག།ང་ཚོས་ཀྱང་བསམ་བློ་གཏོང་དུས་དེ་མི་འདྲ་བ་ཞིག་རེད་འདུག།དེ་ཡང་ང་ཚོ་བོད་མི་མང་སྤྱི་མཐུན་གྱི་བསོད་ནམས་རེད། གཙོ་བོ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་དུས། དངོས་གནས་ཡག་པོ་ཞིག་བྱུང་འདུག་བསམ་པའི་ཚོར་སྣང་ཞིག་ཡོང་གི་འདུག།དེ་ཡིན་དུས་ང་ཚོའི་བཙན་བྱོལ་གྱི་མང་གཙོའི་ཐོག་ལ་དེབ་འབྲི་མཁན་ཡང་བྱུང་ཡོད། དཔེར་ན་ཐའེ་ཝན་ལྷོ་ཕྱོགས་ནས་ University ཀྱི་ Professor ཞིག་ཡོད་རེད། ཁོང་གི་བཙན་བྱོལ་གྱི་མང་གཙོའི་ཐོག་ལ་རྒྱ་ཡིག་ནང་དེབ་གཅིག་བྲིས་ཡོད། དོ་སྣང་བྱེད་མཁན་མང་པོ་བྱུང་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོའི་སྒྲིག་འཛུགས་དང་མང་གཙོ་ཡི་འགྲོ་སྟངས་དེ་ཡང་དག་པའམ་ཚད་དང་ལྡན་པ་ཞིག་ལ་ངོས་འཛིན་ན་མི་འགྲིག་པ་མི་འདུག དེ་འདྲ་ཡིན་དུས་རྣམ་པ་ཚོས་མང་གཙོ་ཟེར་བ་དེ་དགོངས་པ་དེ་འདྲ་ཞིག་བཞེས་དགོས་རྒྱུ་དང་། དེ་ལག་བསྟར་གནང་ཕྱོགས་དང་དེའི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་གཙོ་བོའི་འགན་འཁུར་དེ་མང་ཚོགས་ལ་ཡོད་པ་དང། མང་ཚོགས་ཀྱི་ཐོག་ནས་ཆ་ཤས་བཞེས་དགོས་རྒྱུ་དང་མཉམ་རུབ་གནང་རྒྱུ་དེ་གལ་ཆེན་པོ་རེད།

དེ་ནས་བརྗོད་གཞི་གཉིས་པ་དེ་ཆིག་སྒྲིལ་ཐོག་ལ་རེད། ཆིག་སྒྲིལ་ཟེར་བ་དེ་གོ་བ་ལེན་དུས་དཔེར་ན། ང་ཚོས་ཐག་པ་དཀར་པོ་ཞིག་དང་ནག་པོ་ཞིག་ཚུར་མཉམ་དུ་སྒྲིལ་ནས་རྡོག་རྡོག་ཞིག་ཆགས་ཀྱི་ཡོད། ཡིན་ཡང་དཀར་པོ་དེ་ནག་པོ་བཟོ་མི་ཐུབ་པ་དང་། ནག་པོ་དེ་དཀར་པོ་བཟོ་ཐུབ་ཀྱི་མ་རེད། གང་ལྟར་རྡོག་རྡོག་ཞིག་བཟོ་ཐུབ་ཀྱི་ཡོད། དེ་འདྲའི་ཐོག་ནས་ཆིག་སྒྲིལ་ཀྱི་ངོ་བོ་དེར་ངོས་འཛིན་བྱས་ན་ཏག་ཏག་སྡོད་ཀྱི་མི་འདུག་བསམ་གྱི་འདུག། ཆིག་སྒྲིལ་ཟེར་ཡ་དེ་ང་ཚོའི་བོད་མི་རྣམས་ཀྱིས་བསམ་བློ་ཞིག་བཏང་ན་རྒྱུ་མཚན་འདྲ་པོ་གསུམ་འདུག། གཅིག་ནས་སོ་སོའི་བསམ་བློ་ཡི་འཁྱེར་སོའི་ནང་ནས་ཆིག་སྒྲིལ་ཡོང་ཐབས་གནང་དགོས་རྒྱུ། གཉིས་པ་དེ་ང་རང་ཚོའི་རིག་གཞུང་གི་ནུས་པའི་ཐོག་ནས་ཆིག་སྒྲིལ་ཡོང་ཐུབ་དགོས་པ། གསུམ་པ་དེ་ང་རང་ཚོའི་ལོ་རྒྱུས་དང་གནས་བབ་ཀྱི་ཐོག་ནས་ཆིག་སྒྲིལ་ཡོང་ཐུབ་དགོས་པ། དེ་གསུམ་དེ་ང་ཚོས་མཉམ་ལེན་གནང་ཐུབ་ན་ཆིག་སྒྲིལ་ཡོང་མི་ཐུབ་པའི་དཀའ་ངལ་ཡོང་གི་རེད་བསམ་གྱི་མི་འདུག།དེ་བཞིན་ཆིག་སྒྲིལ་ལ་འགལ་རྐྱེན་ཡོང་གི་རེད། ཕྱི་ནང་གཉིས་ཀའི་ཐོག་ནས་ཡོང་གི་ཡོད། དཔེར་ན། རྒྱ་གཞུང་གིས་སྲིད་བྱུས་ཐོག་ནས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ལ་གཏོར་བཤིག་གཏོང་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་ཀྱི་ཡོད། དེ་ཚོའི་གྲས་ཕྱིའི་འགལ་རྐྱེན་རེད། ནང་གི་འགལ་རྐྱེན་དེ་བོད་མི་ཚང་མ་མ་རེད། མི་མང་བརྒྱ་ཆ་དགུ་བཅུ་ལྷག་གིས་ཡག་ཐག་ཆོད་འགྲོ་གི་ཡོད་རེད། ཡིན་ན་ཡང་མི་འགའ་རེས་དེ་འདྲའི་འགལ་རྐྱེན་དབང་གིས་སོ་སོའི་ཕྱོགས་འཛིན་ཐུབ་རྒྱུར་འགྲེལ་བཤད་རྒྱག་ནས་ནུས་པ་འདོན་གྱི་འདུག། དེ་ཚོའི་གྲས་ནང་གི་འགལ་རྐྱེན་ཆགས་ཀྱི་ཡོད། འགལ་རྐྱེན་དེ་ཚོ་རིགས་ལ་ཐུགས་གཟབ་གནང་དགོས། ངས་གོང་དུ་ཞུས་པ་བཞིན་མཐུན་རྐྱེན་ནི་བསམ་བློའི་འཁྱེར་སོའི་ཐོག་ནས་ཁོ་བོད་མི་རེད། ཁོ་ང་ཚོའི་ཤ་ཁྲག་གཅིག་པ་རེད། དཔེར་ན། ང་ཚོ་ནུབ་ཕྱོགས་པ་ཞིག་དང་བཟའ་ཚང་གི་ཐོག་སྡོད་དགོས་ནའང་སྡོད་ཐུབ་ཀྱི་ཡོད། ཡང་མཚམས་རེ་ཁ་བྲལ་བ་དེ་འདྲ་ཡང་ཡོང་གི་འདུག དེ་སོ་སོའི་བསམ་བློའི་འཁྱེར་སོ་དང་བསམ་བློ་གཏོང་སྟངས་ནས་ཡོང་ཀྱི་ཡོད། དོགས་པ་རྣམ་རྟོག་མང་པོ་ཞིག་བཟོས་ཡོང་དུས། དེའི་ནུས་པ་ཆེ་རུ་ཆེ་རུ་ཕྱིན། མཐའ་མ་དེ་ལ་བློ་ཉེ་པོ་ཡོང་མི་ཐུབ་པ་ཆགས་ཀྱི་འདུག དེ་ཡིན་དུས་སོ་སོའི་ངོས་ནས་ཁོ་བོད་པ་རེད། ཁོ་ང་ཚོའི་རེ་བ་རྒྱག་ས་རེད་ཅེས་བསམ་བློ་བཏང་བ་ཡིན་ན། སོ་སོའི་སེམས་ལ་བྱམས་པ་དང་བརྩེ་བ་ཞིག་ཡོང་ཐུབ་པ་ཡིན་ན། དེའི་ཐོག་ནས་ཆིག་སྒྲིལ་སླེབས་ཐུབ་པ་ཞིག་ལས། ཆིག་སྒྲིལ་ཟེར་བ་དེ་ཕྱི་ནས་ཉོ་བ་དང་འཁུར་ཐུབ་རྒྱུ་ཞིག་ཡོད་མ་རེད། གང་ལྟར་སོ་སོའི་བསམ་བློའི་ནང་ལ་ཆིག་སྒྲིལ་ཞིག་བྱུང་བ་ཡིན་ན། བློ་ཉེ་པོ་ཞིག་དང་དོགས་པ་རྣམ་རྟོག་མེད་པའི་ཐོག་ནས་བསམ་བློ་ཞིག་གཏོང་ཐུབ་ན། ཆིག་སྒྲིལ་ཡོང་ཐུབ། གལ་སྲིད་དེར་འགལ་རྐྱེན་ཡོང་གི་འདུག་ན་ཕན་ཚུན་སྐད་ཆ་བཤད། གོ་བསྡུར་བྱས་ནས་གནད་དོན་དེ་སེལ་ཐབས་བྱེད་དགོས། དེ་འདྲ་བྱས་ན་བློ་ཉེ་རུ་འགྲོ་བ་དང། ཡིད་ཆེས་བློ་གཏད་བྱེད་ཐུབ་རྒྱུའི་གནས་སྟངས་ཤིག་ཡོང་གི་ཡོད།

གཉིས་པ་རིག་གཞུང་གི་ནུས་པའི་ཐོག་ནས་བོད་ཟེར་བ་དེ་སྐད་ཡིག་དང་། ཆོས། གོམས་གཤིས་སོགས་ཚང་མ་གཅིག་པ་གཅིག་རྐྱང་རེད། དཔེར་ན། དབུས་ཙང་དང་། ཁམས། ཨ་མདོ་ཞེས་འབོད་ཀྱི་ཡོད། སྤྱི་ཡོངས་ནས་ང་ཚོ་གཅིག་གྱུར་རེད། ང་ཚོ་བོད་ཀྱི་སྐད་ཡིག་གཅིག་གྱུར་དང་། མི་རིགས་གཅིག་གྱུར། འདུ་ཤེས་འཛིན་སྟངས་གཅིག་གྱུར་ཆགས་ཀྱི་ཡོད། གང་ལྟར་རིག་གཞུང་གི་རིན་ཐང་སྲུང་སྐྱོབ་དང་། དེའི་ནུས་པའི་ཐོག་ནས་ཆིག་སྒྲིལ་ཀྱི་བསམ་བློ་སླེབས་ཐུབ་རྒྱུའི་ཐབས་ཤེས་འདོན་ཐུབ། དཔེར་ན། བོད་ནང་ལ་མཚོན་ན་བཀྲ་ཤིས་དབང་ཕྱུག་གིས་བོད་ནང་ལ་སྐད་ཡིག་གི་རང་དབང་ཐོག་ལ་ཕྱག་ལས་གནང་། རྗེས་སུ་ཁོང་ལ་རྒྱ་གཞུང་གིས་ཁྲིམས་བཅད་བཏང་ནས་ལོ་ལྔ་བཙོན་འཇུག་ཐག་བཅད་བྱས་ཡོད། སྐད་ཡིག་ཟེར་བ་དེ་རྩ་ཆེན་དུ་བརྩི་ཡི་ཡོད་རེད། དེ་མི་གཅིག་གཉིས་ཀྱིས་འཛིན་མི་ཐུབ་པར་སྤྱི་ཚོགས་གཅིག་གིས་འཛིན་སྐྱོང་བྱེད་དགོས། སྤྱི་ཚོགས་དེས་འཛིན་སྐྱོང་བྱ་རྒྱུར་སྤྱི་ཚོགས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་། སྤྱི་ཚོགས་དེ་ལ་ཚང་མས་སྲུང་སྐྱོབ་དང་ནུས་པ་མཉམ་སྤུངས་བྱེད་ཐུབ་པ་ཡིན་ན། སྤྱི་ཚོགས་དེ་ཚགས་ཚུད་པོ་དང། སྤྱི་ཚོགས་དེའི་ཆིག་སྒྲིལ་ཡོང་ཐུབ་ཀྱི་འདུག དེ་འདྲ་སོང་ཙང་ང་ཚོས་རིག་གཞུང་ཐོག་ལ་བསམ་བློ་བཏང་ནས་དེ་གལ་ཆེན་པོ་རེད། དེ་རྩ་ཆེན་པོ་རེད། དེ་བརླག་པ་ཡིན་ན། ཨིན་སྐད་ནང་ལ་ Identity ཟེར་ཀྱི་འདུག།དེ་མེད་པ་ཡིན་ན། ད་ཟོད་ཐུན་མོང་གི་བསམ་བློ་གཏོང་ས་མེད་པ་དང་། དེ་འདྲའི་བསམ་བློ་གཏོང་ནས་བོད་ཟེར་དུས་གཅིག་གྱུར་ཀྱི་འདུ་ཤེས་སླེབ་ཐུབ་པ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་མེད་དམ་སྙམ་གྱི་འདུག།

གསུམ་པ་དེ། ལོ་རྒྱུས་དང་གནས་བབ་ཀྱི་ཐོག་ནས་རེད། ལོ་རྒྱུས་དེ་ང་ཚོ་ཐོག་མ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་འུ་དུམ་བཙན་པོའི་བར་དུ་རྒྱལ་སྲིད་བསྐྱངས་ཡོད་དུས། བོད་ཆོལ་ཁ་གསུམ་ཡོངས་ལ་དབང་བསྒྱུར་བྱས་པ་མ་ཟད། ས་མཚམས་མང་པོ་ཞིག་ལ་དབང་བསྒྱུར་བྱས་ཡོད། འཛམ་གླིང་གི་གསུམ་ཆ་གཉིས་ལ་དབང་བསྒྱུར་བྱས་ཡོད་ཅེས་ལོ་རྒྱུས་ནང་ལ་གསུངས་ཀྱི་ཡོད། ད་ལྟ་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་གཅིག་གྱུར་རེད་བསམ་པའི་བསམ་བློ་ཞིག་སླེབ་ཀྱི་ཡོད། དེ་ཧ་ཅང་གི་གལ་ཆེན་པོ་རེད། དཔེར་ན། ང་ཚོའི་ཁྱིམ་ཚང་ཞིག་གི་ལོ་རྒྱུས་བཙལ་བ་ཡིན་ན། ཁྱིམ་ཚང་གཅིག་གི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་མི་སུ་དང་སུ་གང་དུ་ཡོད་མེད་བརྩད་གཅོད་བྱས་ནས་དེ་དང་ཁྱིམ་ཚང་གཅིག་གི་འདུ་ཤེས་ཟིན་ནས་སྤུན་མཆེད་ཀྱི་འབྲེལ་བ་བཞག་ནས་མཉམ་གནས་བྱུ་རྒྱུའི་བསམ་བློ་གཏོང་བ་བཞིན། ལོ་རྒྱུས་ཀྱི་འབྲེལ་བའི་ཐོག་ནས་སོ་སོ་བོད་མི་རིགས་རེད་འདུག་བསམ་ནས་བསམ་བློ་ཞིག་གཏོང་བ་དེས་བོད་མི་གཞན་མཉམ་དུ་བློ་ཉེ་པོ་ཞིག་རང་བཞིན་གྱི་སླེབས་ཐུབ་པ་ཡིན་ན། ལོ་རྒྱུས་ཀྱི་ཐོག་ནས་གཅིག་གྱུར་ཆགས་ཀྱི་ཡོད།

ང་ཚོའི་ད་ལྟའི་བཙན་བྱོལ་གནས་བབ་ཐོག་ནས་བཤད་དུས་ཆིག་སྒྲིལ་དེ་གང་ལས་གལ་ཆེ་བ་ཆགས་ཀྱི་ཡོད། དཔེར་ན། ལེགས་བཤད་ནང་། མང་པོ་གཅིག་ཏུ་བློ་མཐུན་ན།། ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ།། ཅེས་པ་ལྟར་བློ་མཐུན་པ་ཡིན་ན་ཉམས་ཆུང་ཆུང་ཞིག་ཡིན་ཡང་དོན་ཆེན་པོ་འགྲུབ་ཐུབ་ཀྱི་ཡོད། དཔེར་ན། ཁྱིམ་ཚང་ཞིག་ལ་བསམ་བློ་གཏོང་ན། ཁྱིམ་ཚང་དེར་པ་ལགས་དང་། ཨ་མ་ལགས། བུ། བུ་མོ་བཅས་ཡོད་རེད། གང་ལྟར་པ་ལགས་དང་ཨ་མ་ལགས་གཉིས་ཀྱི་ཁྱིམ་ཚང་སྐྱོང་སྟངས་དེ་ཡག་པོ་ཞིག་དང་། ཤེས་ཡོན་དང་གནས་ཚད་ཡག་པོ་ཞིག་ཡོད་པ་ཡིན་ན། ཁྱིམ་ཚང་དེར་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་གི་ཡོད། གལ་སྲིད་ཕ་མ་དེ་གཉིས་ཀྱིས་འགན་ཡག་པོ་མ་འཁུར་ན་ཕྲུ་གུའི་མི་ཚེ་འཕྲོ་བརླག་འགྲོ་བ་དང་ཁྱིམ་ཚང་དེར་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་མི་འདུག།སྤྱི་ཚོགས་ཀྱང་དེ་དང་གཅིག་པ་གཅིག་རྐྱང་རེད།

ད་ལྟ་ང་ཚོ་བཙན་བྱོལ་ནང་ལ་མི་འབོར་འབུམ་གཅིག་དང་ཁྲི་ལྔ་ཡས་མས་ཤིག་ཡོད་རེད། དེ་མ་གཏོགས་སྤྱིར་ལོ་རྒྱུས་ནང་ལ་བོད་མི་ས་ཡ་དྲུག་ཡོད་ཅེས་བཤད་ཀྱི་ཡོད། བོད་མི་མང་བ་དེ་བོད་ནང་ལ་ལྷག་ཡོད། ཁོང་ཚོ་བོད་ནང་ལྷག་པ་དེ་བདེ་སྐྱིད་དང་ལྡན་པ་ཡིན་ན་འགྲིག་གི་འདུག དེ་འདྲ་ལྡན་ཡོད་མ་རེད། སོ་སོའི་སྐད་ཡིག་དང་། རིག་གཞུང། ཆོས། གོམས་གཤིས། མི་རིགས་དང་བཅས་པ་ཚང་མ་རྩ་བརླག་གཏོང་བཞིན་ཡོད་རེད། དེ་བཞིན་ཁོར་ཡུག་ཉམས་ཆག་ཆེ་རུ་འགྲོ་ཡི་ཡོད་རེད། དེ་ཚོའི་གནས་བབ་ཐོག་ནས་རེད། ང་ཚོ་དང་ཐོག་རྒྱ་གར་དུ་བཙན་བྱོལ་ལ་ཡོང་དུས་ངོ་ཤེས་པ་གནམ་དང་ས་ལས་མེད་གསུངས་ཀྱི་ཡོད་རེད། གཙོ་བོ་༸སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་དང་། རྒྱ་གར་གཞུང་ཀྱི་མཐུན་འགྱུར་རོགས་རམ་བཅས་ཀྱིས་ད་ལྟའི་དུས་ཚོད་ལ་ཚང་མས་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་དང་། གནས་སྟངས་གང་ལ་གང་འཚམ་མགོ་ཚོས་མཁན་ཞིག་ཆགས་བསྡད་ཡོད་རེད། དེ་འདྲའི་དུས་ཚོད་ལ་དེ་བས་ཀྱང་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་དགོས་རྒྱུ། མཉམ་སྐྱིད་མཉམ་སྡུག་བྱེད་ཐུབ་པ་དགོས། ༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་བཀའ་སློབ་རིམ་པ་མང་པོ་ཞིག་ཕེབས་ཀྱི་ཡོད་བོད་ཆོལ་ཁ་གསུམ་དེ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་དགོས་པ་དང། བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་འདུ་ཤེས་བཟུང་ཐུབ་རྒྱུ་དེ་རྒྱ་གུང་ཁྲན་ཏང་ཀྱི་བཀའ་དྲིན་རེད་ཅེས་གསུངས་ཀྱི་ཡོད་རེད། ཕྱོགས་གཅིག་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་སྐུ་ལས་མང་པོ་བསྐྱོན་ནས་ད་ལྟ་བར་དུ་སླེབས་ཡོང་དུས་བོད་མིར་དམིགས་དཔེར་འོས་པ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་སོང་ཙང་གནས་བབ་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་བསམ་ཤེས་དང། བཟོད་སྲན། གུ་ཡངས་བྱེད་ཐུབ་པ་དགོས་ཀྱི་འདུག དེ་དང་མཉམ་དུ་སོ་སོའི་བསམ་བློའི་ཐོག་ནས་བློས་གཏོང་དགོས་ཀྱི་ཡོད། དཔེར་ན། ཁྱིམ་ཚང་གཅིག་གི་ནང་བུའི་སློབ་སྦྱོང་གི་ཆེད་འབུམ་ཉི་ཤུ་ཙམ་སྤྲོད་དགོས་ན་ཡང་། བུའི་མདུན་ལམ་ཆེད་དུ་དེ་བློས་གཏོང་བྱས་ཏེ་མ་འོངས་པར་བུ་དེ་ཁྱིམ་ཚང་དང་སྤྱི་ཚོགས་ནང་ཕན་ཐོགས་པ་ཡོང་གི་ཡོད། དེར་བརྟེན་བློས་གཏོང་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ལའང་དེ་ག་རང་རེད། བློས་གཏོང་བྱེད་ཐུབ་ན་ཆིག་སྒྲིལ་ཀྱི་གནས་བབ་གང་ཅིའི་ཐོག་ནས་བློ་ཉེ་པོ་ཡོང་རྒྱུར་ཕན་གྱི་ཡོད། དེ་མ་གཏོགས་སོ་སོས་མཁྲེགས་བཟུང་འདྲ་པོ་བྱས། གང་ཆགས་ནའང་ཆགས་བསམ་པའི་བསམ་བློ་དེ་འདྲ་གཏོང་བ་ཡིན་ན་མཐའ་མ་དེར་གྲ་སྒྲིག་པོ་ཡོང་གི་མི་འདུག དེ་ཡིན་དུས་རྒྱལ་ཞེན་དང་། གུ་ཡངས། བློས་གཏོང་བཅས་མཉམ་དུ་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག་ཅེས་སོགས་གསུངས་གནང་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *