སྦེལ་ཀོབ་ས་གནས་སེར་སྐྱ་མི་མང་ལ་༼མང་གཙོ་དང་ཆིག་སྒྲིལ་༽ ཞེས་པའི་བརྗོད་གཞིའི་ཐོག་བོད་མི་མང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་སློབ་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུས་ས་གཉིས་ཐུན་མོང་གི་གོ་སྒྲིག་འོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་དུ་གདན་ཞུས་ཐོག་༼མང་གཙོ་དང་ཆིག་སྒྲིལ་༽ ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞིས་ཆགས་ཁག་གཉིས་དང་དགོན་སྡེ་གྲྭ་ཚང་ཁག  དེ་བཞིན་སློབ་གྲྭ་ཁག་བཅས་སུ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་སར་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ཡོད་པ་རེད། 

ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༧ ཉིན་ཞོགས་པ་མེལ་སོར་མེ་འཁོར་འབབ་ཚུགས་ནས་ལྷོ་སྤྱི་མཆོག་དང་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་སྣེ་ལེན་དང་། དེ་ནས་སྦེལ་ཀོབ་ས་གནས་ལུགས་བསམ་གཞིས་ཆགས་ལས་ཁུངས་ཀྱི་མདུན་ཐང་དུ་ལུགས་བདེ་ས་གནས་འགོ་འཛིན་རྣམ་གཉིས་ཀྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་བ་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཞུས་གནང་ཡོད་པ་དང་།

ཉིན་འདིའི་ཞོགས་པ་སྦེལ་ཀོབ་གཞིས་ཆགས་གསར་སྙིང་གཉིས་ཀྱི་ནང་གི་སློབ་གྲྭ་ཁག་གི་དགེ་སློབ་ཡོངས་ལུགས་བསམ་མི་མང་མཉམ་འབྲེལ་ཚོགས་ཁང་ནང་བསྐོང་འཚོགས་གནང་ནས། ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་ངོ་སྤྲོད་གཏམ་བཤད་གནང་རྗེས་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་ལགས་ནས་བརྗོད་གཞི་དང་འབྲེལ་པའི་གཏམ་བཤད་གནང་པ་དང་། དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་དང་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང་། འཇུག་དུ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཞུས། ཉིན་རྒྱབ་ཐེག་མཆོག་རྣམ་གྲོལ་གླིང་དགོན་པའི་མཁན་ལས་བླ་སྤྲུལ་འདུས་མང་ཡོངས་ལ་གོང་བཞིན་གསུང་བཤད་གནང་ཡོད་པ་དང་། དགོང་དྲོ་ལུགས་བདེ་གཞིས་འགོ་རྣམ་གཉིས་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ལྷན་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ལ་ཕེབས་བསུའི་སྣེ་ལེན་གསོལ་ཚིགས་ཟབ་རྒྱས་བཤམ་གནང་ཡོད།

Leave a Reply

Your email address will not be published. Required fields are marked *