༄༅། ཆེས་གནའ་སྔ་མོ་ནས་བཟུང་སྤྱིར་འཛམ་གླིང་གི་ལྗོངས་འདིར་མི་རིགས་སྣ་ཚོགས་གྲོལ་བའི་ནང་ནས་བོད་ཀྱི་འགྲོ་བ་མིའི་གྲོལ་ཚུལ་བོན་ཆོས་སོགས་ཀྱི་ལོ་རྒྱུས་ཁག་ནས་བཤད་སྲོལ་མི་འདྲ་བ་མང་ཡང་། མདོར་ན་གདོང་དམར་བོད་ཀྱི་མི་རིགས་འདི་ཆེས་སྔ་མོར་གངས་ཅན་ལྗོངས་སུ་གྲོལ་བའི་མི་རིགས་ཞིག་ཡིན་ཞིང་།
བོད་ཀྱི་ཡུལ་ནི་ཕྱོགས་ཀུན་གངས་རིས་བསྐོར་བས་རླུང་བསིལ་ལ་གཙང་བ། ཆུ་བོ་ཡན་ལག་བརྒྱད་དང་ལྡན་ཞིང། ཟས་ལ་བཅུད་ཆེ་བ། ཡུལ་ལྗོངས་མཛེས་ཤིང་སྐྱིད་པ། མི་རྣམས་བློ་གཞི་དལ་པོ་དང་སྐྱིད་པོ། ཆོས་དད་ཅན། ཕྱོགས་གང་ནས་བལྟས་ཀྱང་ངོ་མཚར་དང་དགའ་ཚོར་སྐྱེ་འོས་པ་ཞིག་ཡིན།
གངས་ཅན་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ཙམ་ཡིན་ཞིང༌། རྒྱ་ཁྱོན་དེ་ནི་བལ་ཡུལ་གྱི་རྒྱ་ཁྱོན་ལྔ་བཅུ་ཙམ་ཞིག་ཡིན་པ་དང༌། ཁོར་ཡུག་ནི། ཤར་དུ་རྒྱ་ནག་དང༌། མན་ཇུ། སོག་པོ། ནུབ་ཏུ་བལ་ཡུལ་དང༌། རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཏན། བྱང་དུ་ཏུར་ཀི་སི་ ཏན་དང༌། ཨུ་རུ་སུ། ལྷོ་རུ་འབྲུག་དང༌། འབྲས་ལྗོངས། འབར་མ། བྷང་ལ་སྡེ་ཤི་བཅས་ཀྱི་དབུས་སུ་གནས་ཡོད། དེ་ལྟ་བུའི་རྒྱ་ཁྱོན་ཅན་གྱི་བོད་ཀྱི་རྒྱལ་ཁབ་དེ་ལ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་བོད་རྒྱལ་ཐ་མ་གླང་དར་མ་ཡན་དུ་རྒྱལ་རབས་ཞེ་གཉིས་ཀྱིས་བོད་ཀྱི་རྒྱལ་སྲིད་བསྐྱངས་པ་དང་། དེ་རྗེས་མི་ལོ་ ༣༤༧ ཙམ་རིང་བོད་ཡུལ་མདོ་སྟོད་སྨད་དང༌། དབུས་གཙང་བཅས་པ་སིལ་བུར་འཐོར་ཏེ་ཉམས་རྒུད་ཆེར་བྱུང་ཡོད། མཐར་རིམ་པར་ས་སྐྱའི་ཁྲི་རབས་ཀྱིས་ལོ་ ༩༦ རིང་བོད་སྤྱི་ལ་དབང་བསྒྱུར་ཞིང༌། དེ་རྗེས་ཕག་མོ་གྲུས་ཁྲི་རབས་ཀྱིས་ལོ་ ༨༦དང༌། རིན་སྤུངས་པ་ཁྲི་རབས་ནས་ལོ་༡༣༠ དང༌། སྡེ་པ་གཙང་པའི་ཁྲི་རབས་ནས་ལོ་ ༧༦ བཅས་དབང་སྒྱུར། དགའ་ལྡན་ཕོ་བྲང་གི་དུས་རབས། སྤྱི་ལོ་ ༡༦༤༢ ནས་ ༡༩༥༩བར་བོད་ཀྱི་སྲིད་དབང་བསྐྱངས།
བོད་འདི་འཛམ་གླིང་ནང་གི་ས་བབ་མཐོ་ཤོས་སུ་ཆགས་ཡོད་པ་དང། བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་མི་ཊར་ ༢༩༠༠ ཙམ་རེད།
ལོ་ངོ་སྟོང་ཕྲག་དུ་མའི་རིང་ལོ་རྒྱུས་ནང་བོད་རྒྱལ་ཁབ་ཀྱི་མངའ་དབང་ལ་དར་གུད་སྣ་ཚོགས་བྱུང་ཡོད་ཀྱང། སྤྱིའི་ཆ་ནས་བོད་ཀྱི་ས་ཁོངས་སུ་དབུས་གཙང་དང་། མདོ་སྟོད། མདོ་སྨད་བཅས་བོད་རིགས་གནས་ཁུལ་གྱི་ས་ཁྱོན་ཡོངས་རྫོགས་གཏོགས་པ་དང་། དེའི་སྤྱིའི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ ༢་༥ ཡོད། དེ་ནི་བལ་ཡུལ་ཁྱོན་ཡོངས་ཀྱི་ས་ཁྱོན་ལས་ལྡབ་ལྔ་བཅུའི་ཆེ་བ་དང། ཧྥ་རན་སེའི་ས་ཁྱོན་དང་བསྡུར་ན་ལྡབ་བཞིས་ཆེ་བ་དང། འཇར་པན་གྱི་ས་ཁྱོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད། བོད་ས་ཡོངས་ཀྱིས་ཡུ་རོབ་སྤྱིའི་ས་ཁྱོན་གྱི་ ༡།༤ལྷག་ཟིན་གྱི་ཡོད། བོད་ཁྱོན་ཡོངས་ལ་མི་འབོར་ས་ཡ་ ༦ ལྷག་ལས་མེད། དེར་བརྟེན་བོད་ནི་མི་འབོར་ཉུང་ལ་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའང་ངང་གིས་རྟོགས་ཐུབ་པ་ཞིག་རེད།
བོད་འདི་འཛམ་གླིང་ཆ་ཤས་ཁག་བདུན་ལ་བགོས་པའི་ནང་གསེས་གླིང་ཕྲན་ཨེ་ཤ་ཡའི་ནང་ཆགས་ཡོད་ཅིང། བོད་འདི་རྒྱ་ནག་གི་ནུབ་དང། རྒྱ་གར་བལ་ཡུལ། སྦར་མ། འབྲུག སྦང་ལ་སྡེ་ཤི་བཅས་ཀྱི་བྱང་། པ་ཀི་སི་ཐན་དང། ཨབ་གྷ་ནི་སི་ཐན་གྱི་ཤར། ཨུ་རུ་སུ་དང། སོག་པོ། ཤར་ཏུར་ཀི་སི་བཅས་ཀྱི་ལྷོ་ན་གནས་ཡོད།
བོད་ཀྱི་ས་མཚམས་ཁག་ནི། བྱང་ཕྱོགས་སུ་ཀུན་ལུན་རི་རྒྱུད་དང། ཨ་ཏན་སྟག་རི་བརྒྱད། རྨེ་རུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ། ཨ་ལག་ཤར་བྱེ་ཐང། ཤར་ཕྱོགས་སུ་ཨ་མདོ་དཔའ་རིས་དང་། སྦ་ར་རི། ཨ་སྐད་ས་ཁུལ་ནས་མར་ཀླུ་ཆུ་ཁུག་པ་ཕྱེད་ཀ་ཙམ། ཅོ་ནིའི་ཁོངས་སུ་གཏོགས་པ་ཨུ་སྦི་རུ་པ་ཉི་ཤུ་རྩ་བཞིའི་ས་ཁུལ་ཤར་དུང་རི་མའི་རི་བརྒྱུད། བོད་ཤིང་སྒོ་མགོ་ཐོན། དར་རྩེ་མདོའི་རི་བརྒྱུད་གཡག་ལ། ཀློ་དཀར། ཀློ་ནག་གི་གཙང་ཆུ་དེད་དེ་འབྲི་ཆུ་བར་དང། ལྷོ་ཤར་དུ་འཇང་པ་ཐད་ཀྱི་ཧོར་ཆེན་མཆོད་རྟེན་དཀར་པོ། འབད་ལུང་རྫོང་འོག་མི་སྟོབས་རྒྱལ་གྱི་ས་ཁུལ་དང་། འཇའ་ཝི། རི་སྦུག་ལ། ཏུག་ལ་བར། ལྷོ་ཕྱོགས་སུ་རྒྱ་གར་དང་ས་མཚམས་ཁག་ནི་ཡོངས་ཁྱབ་ལ་དང། གངས་རི་དཀར་པོ། ཧོར་ཁ་ལ། མིག་སྟོན་དགོན་པ། ཆུ་དྭང་མོ་བར་དང། འབྲུག་ཡུལ་ས་མཚམས་ནི་ཝི་ཐང་ལ། གྲོ་མོ་ལ། གླིང་གཞི་ལ། བེད་ལ་སོགས་དང། འབྲས་ལྗོངས་ས་མཚམས་ནི་ངོས་རྗེ་ལེབ་དང། སེར་པོ་ལ། མཆོད་རྟེན་ཉི་མ་སོགས་དང། བལ་ཡུལ་ཕྱོགས་ནི་ཇོ་མོ་གླང་མའི་རེ་རྩེ་དང། འགྲམ། རྟ་ལེ་ལ། ཆུ་དཀར་ལ། ཏིར་དཀར་ལ་བཅས། ནུབ་ཕྱོགས་ཀྱི་བོད་དང་རྒྱ་གར་ས་མཚམས་ཁག་ནི་མ་ན་ལ་དང། སྲིབ་སྐྱེས་ལ། ཁྱུང་འཛིངས་ལ། ལ་ནག་ལ། ཀྲག་ཆེན་ཀྲག་ཆུང་ལ་བཅས་ཡིན།
བོད་ཀྱི་མིང་ཐོག་ཚུལ་ནི།
འཛམ་གླིང་གི་ཡང་རྩེར་གྲགས་པའི་ཁ་བ་ཅན་གྱི་ཡུལ་འདི་ལ་ནི་ཆེས་གནའ་བོའི་དུས་ནས་བོད་ཀྱི་ཡུལ་ཞེས་བྱ་ཞིང་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་ཤོད་སྲོལ་མི་འདྲ་བ་མང་པོ་ཡོད་པར། མཁས་དབང་དགེ་ཆོས་ཀྱི་༼དེབ་ཐེར་དཀར་པོའི་༽ནང་བོད་ཞེས་བྱ་བ་འདི་རྒྱུ་མཚན་ཅིའང་མེད་པའི་འདོད་རྒྱལ་ཙམ་ཡིན་པ་དང་། གཉའ་ཁྲི་སོགས་ལ་འོད་དེ་དང་སྤུ་རྒྱལ་དུ་འབོད་པས་རྒྱལ་པོའི་གདུང་རྒྱུད་ཀྱི་མཚན་ས་མིང་དུ་ཐོགས་པ། དེ་བཞིན་དུ་གནའ་བོའི་དུས་བོད་ཡུལ་འདི་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས་བོན་གྱི་ཡུལ་ཞེས་པ་དེ་ཕྱིས་སུ་བོད་ཀྱི་ཡུལ་ཞེས་པར་འགྱུར་ཡོད་པར་བཞེད་ཡོད། དེ་ལས་སྤྱིར་མི་རིགས་ཤིག་གི་མིང་འདོད་རྒྱལ་ཙམ་ཡིན་པ་ནི་ཉུང་ཞིང་། རྒྱལ་པོའི་མཚན་གདུང་རྒྱུད་སྤྱི་མིང་དུ་ཐོགས་པ་འདིའང་ཐེ་ཚོམ་ཅུང་ཟད་ཡོད་པ་ཞིག་ཡིན་ཏེ། མངའ་མཛད་བཅུ་གཉིས་ཀྱི་སྐབས་༼ཆོས་འབྱུང་མཁས་པའི་དགའ་སྟོན༽ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ལ་བོད་ཁམས་ཉ་དྲུག་ཟེར། ཞེས་དང་། ༼ལྡེའུ་ཆོས་འབྱུང་༽ལས་བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།ཡུལ་གྱི་མིང་ནི་བོད་ཁམས་གཡག་དྲུག་ཟེར། ཞེས་པ་དེ་བཞིན་དུ་༼ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཆུ་ཐིགས་༽དང་༼ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་༽སོགས་ཆོས་འབྱུང་ཀུན་དུ་བོད་ཁམས་གཡག་དྲུག་དང་བོད་ཁམས་གཡག་དྲུག་བོད་ཁམས་ཉ་དྲུག་ཅེས་གཡཱ་དྲུག་དང་། གཡང་དྲུག ཉ་དྲུག་སོགས་ཀྱི་འབོད་སྟངས་མི་འདྲ་བ་ཙམ་ལས་བོད་ཁམས་ཞེས་པ་ཆོས་འབྱུང་སོ་སོ་གཅིག་མཐུན་དུ་འདུག་པས་ན་བོད་ཅེས་པའི་འབོད་སྲོལ་འདི་གཉའ་ཁྲིའི་གོང་ནས་ཡོད་དམ་སྙམ། ཡང་༼ཏུན་ཧོང་ཡིག་རྙིང་དུ་༽ལྷ་རི་གྱང་ཐོར་གཤེགས་ནས་རི་རབ་ལྷུན་པོ་ཡང་དགུང་དུད་དུད། ཤིང་སྡོང་པོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སིལ། གོར་ཕ་བོང་ཡང་མཉེད་ཁྲུང་ཁྲུང་གིས་ཕྱག་འཚལ་ལོ། གནམ་མཐའ་འོག་གི་རྗེ་བོ་མཛད་པའི་ཕྱིར། གནམ་གྱི་དབུས། སའི་དཀྱིལ། གླིང་གི་སྤྱི་བོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་འགོ མྱི་དཔའ་རུ་སྐྱེས། རྟ་འགྱོགས་སུ་འཕེལ་བའི་ཡུལ། བོད་གཡག་དྲུག་གི་རྗེར་གཤེགས་སོ།” ཞེས་ལ་བརྟགས་ནའང་གཉའ་ཁྲི་བཙན་པོ་མ་བྱུང་བའི་སྔ་རོལ་ནས་ཡུལ་ཡར་ལུང་འདིའི་ཕྱོགས་ན་བོད་ཅེས་འབོད་སྲོད་ཀྱི་ཡོད་པ་འདྲའོ།
གཞན་གྱི་རྒྱལ་རབས་ཁག་ནང་རྒྱལ་པོའི་མིང་ས་མིང་དུ་ཐོགས་པ་མང་ཡང་བོད་ཞེས་པའི་མིང་འདི་ནི་གཉའ་ཁྲི་བཙན་པོའི་མིང་མི་རིགས་ཀྱི་མིང་ངམ་བོད་ཀྱི་ཡུལ་མིང་དུ་ཐོགས་པ་ཞིག་ནི་མ་ཡིན་སྙམ་མོ། གཞན་སྔོན་བོན་གྱི་ཡུལ་ཞེས་པ་ལས་ཕྱིས་སུ་བོད་ཀྱི་ཡུལ་ཞེས་འབོད་པ་འདིར་བསམ་གཞིགས་ཞིག་བྱས་ཚེ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་”དེ་ནི་ངེས་པར་བཞད་གད་སྲོང་བའི་གཏམ་དུ་སྣང་མོད་ཀྱི་ཅུང་ཟད་ཅིག་བསམ་དགོས་པ་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་གྱི་ཡད་ཆོད་ན་འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། ཡ་མཚན་རྒྱུ་ཆེར་མེད་ལ། དེར་མ་ཟད་གནའི་ཐ་སྙད་དུ་རྗེས་འཇུག་ན་ད་གཉིས་ཕན་ཚུན་རྗེས་པ་ཡང་ཤིན་ཏུ་མང་སྟེ། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་བང་བོད་གཉིས་ཀྱང་ཕན་ཚུན་རྗེས་སྲིད་པས་སོ། སོག་ཡུལ་འགར་བོན་ལུགས་བྱེད་པ་དག་ལ་བོད་དམ་བོ་ཞེས་ཐ་སྙད་ཆགས་འདུག “ཅེས་གསུངས་པ་བཞིན་ཁོ་བོའི་བསམ་པར་ཡང་མིང་འདི་ནི་ཆོས་ལུགས་ཀྱི་མིང་ལས་ས་མིང་དུ་ཐོགས་པའམ། ཡང་ན་ས་མིང་དག་ཆོས་ལུགས་ཀྱི་མིང་དུ་ཐོགས་པ་ཞིག་ཡིན་ནམ་སྙམ་མོ། གལ་ཏེ་ཆོས་ལུགས་ཀྱི་མིང་དག་ལས་ས་མིང་དུ་ཐོགས་ཚེ་བོན་ཞེས་པ་འདིའི་གོ་དོན་ཅི་ཡིན་ཞེ་ན། ༼དེབ་ཐེར་ཀུན་གསལ་མེ་ལོང་༽ལས་”བོན་ཞེས་པ་ནི་སྟོང་པ་མ་ཡིན་པའི་དོན་ཡིན་ཞེས་དང་། གདོད་མའི་ཆོས་པ་རྣམས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དེ་སྟོང་པ་མ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོད་ཟེར་ནས་ཆོས་ལུགས་དེ་དག་བོན་ལུགས་ཞེས་མིང་བཏགས་པ་ཡིན་ནམ་སྙམ།”ཞེས་བྱུང་བ་དང་།
གཞན་མཐོ་བོད་དང་། ཐུ་སྦོའོ། སྟོད་བོད། ཏི་པད་ཞེས་པ་སོགས་ནི་བོད་ཞེས་པའི་མིང་འདི་བྱུང་རྗེས་བཏགས་པའི་མིང་ཞིག་ཡིན་ཡིན་ཞིང་། དེང་བོད་ཡུལ་འདིར་མཐོ་བོད་དུ་འབོད་པས་དེ་མི་རིགས་གཞན་གྱི་སྐད་དུ་ཟུར་ཆགས་ནས་ཐང་སོགས་ཀྱིས་བོད་ཡུལ་འདིར་ཐུ་སྦོའོ་ཞེས་འབོད་པ་དང་། དབྱིན་ཇི་སོགས་ཕྱི་རྒྱལ་གྱི་མི་རིགས་མང་པོས་ཏི་པད་ཅེས་བྱ་བ་བྱུང་བ་ཡིན་ནོ། གཞན་གངས་ཅན་དང་གངས་ལྗོངས་ཞེས་པ་སོགས་ནི་དུས་ཕྱིས་སུ་བྱུང་བའི་ཐ་སྙད་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ། གཞན་བོད་ཡུལ་གྱི་བྱེ་བྲག་གི་ཡུལ་ཁམས་སོ་སོའི་མིང་ལས་ཆེས་མང་བ་ནི་རུས་ཀྱི་མིང་ཡུལ་ལ་ཐོགས་པ་སྟེ་དཔེར་ན། གདོང་གི་རུས་རྒྱུད་ལས་བྱུང་བའི་ས་མིང་གཅན་ཚ་དང་། གཤེན་ཚ། རྒྱ་ཚ། ཆོས་ཤུལ། ཆུ་ཤུལ། སྤ་ཚབ་སོགས་ཡོད་པ་དང་། ཡང་ལ་ལ་ནི་རྒྱུ་མཚན་གཞན་ལ་བཏགས་པའི་མིང་ཡིན་སྟེ་དཔེར་ན། མངའ་རིས་དང་། ཨ་མདོ། ཁམས། དབུས། གཙང་སོགས་པ་ལྟབུ་ཧ་ཅང་མང་ཞིང་།
དང་པོ་གནམ་གྱི་ཁྲིི་བདུན་ནི།
༡༽བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི། ཡབ་བླ་བདལ་དྲུག་དང་མཛེས་ལྡན་མའི་སྲས་འཁྲུངས།
(སྤྱི་ལོའི་སྔོན་ལོ་༡༡༣༦ལོར་དགུང་ནས་དོག་ལ་བབས་ཏེ་གཉའ་ཁྲི་བཙན་པོ་ཞེས་མཚན་གསོལ་ནས། དབུ་ནག་བོད་ཀྱི་རྗེ་བོར་མཛད།) ལྷ་སྨན་དཀར་མོ་ཁབ་ཏུ་བཞེས། སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས། སྐུ་གཤེན་དག་ཚང་བ་མཚེ་གཅོ་གསུམ་གྱིས་མཛད། ཕྱག་རྗེས་རྩེ་མོ་བྱུང་རྒྱལ་ལ་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས། གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སྤྱི་སྤུངས་གཡུང་དྲུང་བོན་ཞུས་ནས་སྤྱོད། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་དར།
༢༽བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ནི། གཉའ་ཁྲི་དང་ལྷ་སྨན་དཀར་མོའི་སྲས་སུ་འཁྲུངས། འཕྱོ་མ་ཡེ་སངས་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་ཕྱག་དཀར་གྱིས་མཛད། ལྷ་རི་གྱང་མ་གྱང་ཏོའི་རྩེ་ལ་གསས་མཁར་ཁོལ་མ་ནེ་ཆུང་བཞེངས། དཔོན་གསས་ནམ་མཁའ་སྣང་བ་མདོག་ཅན་ལ་དབང་ཞུས་ནས་སྤྱི་སྤུངས་གསང་བའི་བོན་ལ་ཐུགས་དམ་མཛད། ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས། བོད་དུ་བོན་གྱི་འདུ་གནས་སོ་བདུན་བཙུགས། ལྟ་བ་བླ་ན་མེད་པའི་བོན་དང་། ཐེག་པ་བླ་ན་མེད་པའི་བོན། སྤྱོད་པ་བླ་ན་མེད་པའི་བོན། འབྲས་བུ་བླ་ན་མེད་པའི་བོན། དོན་དམ་བླ་ན་མེད་པའི་བོན་རྣམས་དར། གཤེན་པོ་དྲུག་ཅུ་རྩ་དགུ་དང་། བོན་གཤེན་བཞི་བཅུ་རྩ་གཉིས་བྱུང་།
༣༽བོད་རྒྱལ་གསུམ་པ་ཏིང་ཁྲི་བཙན་པོ་ནི། མུ་ཁྲི་དང་འཕྱོ་མ་ཡེ་སངས་སྲས་སུ་འཁྲུངས། ཁྲི་མ་སྟོང་འཕྱོ་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་སྨིན་དཀར་གྱིས་མཛད། འཇག་མོ་རྩེ་ལ་གསས་མཁར་ཁོལ་མ་ཡང་རྩེ་བཞེངས།
༤༽བོད་རྒྱལ་བཞི་པ་སོ་ཁྲི་བཙན་པོ་ནི། ཏིང་ཁྲི་དང་ཁྲི་མ་སྟོང་འཕྱོའི་སྲས་སུ་འཁྲུངས། གནམ་སྨན་ཕྱུག་མོ་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་འོད་དཀར་གྱིས་མཛད། གྲམ་པ་ཚལ་དུ་གསས་མཁར་དགུ་ར་དགུ་ཁྱུད་བཞེངས།
༥༽བོད་རྒྱལ་ལྔ་པ་དར་ཁྲི་བཙན་པོ་ནི། སོ་ཁྲི་གནམ་སྨན་གྱི་སྲས་སུ་འཁྲུངས། སིང་སྨན་ཕྱུག་མོ་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་ཤང་དཀར་མཛད། གཙང་ཡར་ལུང་དུ་གསས་ཁང་ཟོ་བོ་ཁྱུང་ལག་བཞེངས།
༦༽བོད་རྒྱལ་དྲུག་པ་བྱང་ཁྲི་བཙད་པོ་ནི། དར་ཁྲི་དང་སིང་སྨན་གྱི་སྲས་སུ་འཁྲུངས། ཡེ་ཕྱི་གོང་སངས་ཁབ་ཏུ་བཞེས། སྐུ་གཤེན་གཅོ་མི་ཆེས་ཀྱིས་བསྲུངས། ཡེར་པའི་བྲག་ལ་གསས་ཁང་གཡུང་དྲུང་ཁྲི་བརྩེགས་བཞེངས།
༧༽བོད་རྒྱལ་བདུན་པ་ཁྲི་ལྡེ་ཡག་པ་ནི། བྱང་ཁྲི་དང་སིང་སྨན་གྱི་སྲས་སུ་འཁྲུངས། སྦྲང་བཟའ་ལྷ་རྒྱན་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་ཞལ་དཀར་གྱིས་བསྲུངས། ཉང་རོ་ཟླ་བའི་ཚལ་དུ་གསས་ཁང་ཁོང་མ་རུ་རིང་བཞེངས། དེ་ཡན་ཆད་གནམ་གྱི་ཁྲི་བདུན་བྱ་བ་སྟེ། གནམ་གྱི་ལྷ་སྨན་དང་བཤོས་པའི་སྲས་ལགས་སོ། །
གཉིས་པ་བར་གྱི་ལྡིང་གཉིས་ནི།
༨༽བོད་རྒྱལ་བརྒྱད་པ་གྲི་གུམ་བཙད་པོ་ནི། ཁྲི་ལྡེ་ཡག་པ་དང་སྦྲང་བཟའི་སྲས་སུ་འཁྲུངས། དཔལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། སྐུ་གཤེན་གཅོའུ་ཚེམས་དཀར་ཡིན། ས་ཚན་སྒོ་ཕུགས་སུ་གསས་ཁང་ས་ལེ་བྱེལ་ཚང་བཞེངས།
༩༽བོད་རྒྱལ་དགུ་པ་སྤུ་ལྡེ་གོང་རྒྱལ་ནི། གྲི་གུམ་དང་དཔལ་བཟའི་སྲས་སུ་འཁྲུངས། བུམ་ཐང་སྨད་མཚོ་ཁབ་ཏུ་བཞེས། སྐུ་གཤེན་གཅོ་གཉན་བཞེར་གྱིས་བསྲུངས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། གྲི་གུམ་དང་སྤུ་ལྡེ་གཉིས་ནི་བང་སོ་ས་ལ་བཏབ་ཅིང་མངའ་ཐང་བྲི་བས་བར་གྱི་ལྡིང་གཉིས་ཟེར།
གསུམ་པ་ས་ལ་ལེགས་དྲུག་ནི།
༡༠༽བོད་རྒྱལ་བཅུ་པ་ཨ་ཤོ་ལེགས་རྒྱལ་ནི། སྤུ་ལྡེ་དང་བུམ་ཐང་སྨན་མཚོའི་སྲས་སུ་འཁྲུངས། དམུ་ལྕམ་དྲ་མ་ཁབ་ཏུ་བཞེས། སྐུ་གཤེན་སྟོ་ར་ཤིབ་གཤང་གིས་སྲུང་། གསས་ཁང་ས་ལེ་ལྗོན་ཕྱུག་བཞེངས།
༡༡༽བོད་རྒྱལ་བཅུ་གཅིག་པ་དེ་ཤོ་ལེགས་རྒྱལ་ནི། ཨ་ཤོ་དང་དམུ་ལྕམ་སྲས་སུ་འཁྲུངས། བཙུན་མོ་གུར་སྨན་ཁབ་ཏུ་བཞེས། སྐུ་གཤེན་མི་མོ་ཆུང་གིས་མཛད། གསས་ཁང་ཁོ་མ་ཡང་རྩེ་བཞེངས།
༡༢༽བོད་རྒྱལ་བཅུ་གཉིས་པ་ཐི་ཤོ་ལེགས་ནི། དེ་ཤོ་དང་དམུ་ལྕམ་སྲས་སུ་འཁྲུངས། མཚོ་སྨན་འབྲང་མ་ཁབ་ཏུ་བཞེས། སྐུ་གཤེན་འཛིན་བོན་ཁོག་དེར་མཛད། གསས་ཁང་སལེ་བང་བང་བཞེངས།
༡༣༽བོད་རྒྱལ་བཅུ་གསུམ་པ་གུ་རུམ་ལེགས་རྒྱལ་ནི། ཐི་ཤོ་དང་མཚོ་སྨན་སྲས་སུ་འཁྲུངས། སྨན་བུ་མོ་ཁབ་ཏུ་བཞེས། སྐུ་གཤེན་མཚེས་པ་གནམ་འདུལ་གྱིས་བསྲུངས། གསས་ཁང་རིན་ཆེན་ཟུར་མང་བཞེངས།
༡༤༽བོད་རྒྱལ་བཅུ་བཞི་པ་འབྲང་ཞི་ལེགས་རྒྱལ་ནི། གུ་རུམ་དང་སྨན་བུ་མོའིི་སྲས་སུ་འཁྲུངས། ཀླུ་ལྕམ་མི་མོ་ཁབ་ཏུ་བཞེས། སྐུ་སྲུང་ལྷ་བོན་ཡེ་ཤེས་བདུད་འདུལ་མཛད།
༡༥༽བོད་རྒྱལ་བཅོ་ལྔ་པ་ཨི་ཤོ་ལེགས་ཀྱིས། དམུ་ལྕམ་སྨད་ལེགས་ཁབ་ཏུ་བཞེས། དེ་རྣམས་ཀྱི་རིང་ལ་འདས་དུས་ནས་སྤུར་ལ་ལུས་པས་ས་ལ་ལེགས་དྲུག་ཟེར། བོན་རིག་པའི་གནས་ལྔ་རྣམས་དར་རོ།།
བཞི་པ་ཆུ་ལ་ལྡེ་བརྒྱད་ནི།
༡༦༽བོད་རྒྱལ་བཅུ་དྲུག་པ་ཟ་ནམ་ཟིན་ལྡེ་ནི། ཨི་ཤོ་དང་དམུ་ལྕམ་སྨད་ལེགས་ཀྱི་སྲས་སུ་འཁྲུངས། ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་བསྲུངས།
༡༧༽བོད་རྒྱལ་བཅུ་བདུན་པ་ལྡེ་འཕྲུལ་ནམ་ཞུང་བཙན་ནི། ཟ་ནམ་དང་དམུ་ལྕམ་གྱི་སྲས་སུ་འཁྲུངས། མཚོ་སྨན་ཁྲི་དཀར་ཁབ་ཏུ་བཞེས། ཞང་ཞུང་མཚེ་མི་ཀུན་སྣང་གིས་སྐུ་བསྲུངས།
༡༨༽བོད་རྒྱལ་བཅོ་བརྒྱད་པ་སེ་སྣོལ་གནམ་ལྡེ་ནི། ལྡེ་འཕྲུལ་དང་སེ་གཉན་མང་མོའི་སྲས་སུ་འཁྲུངས། ཀླུ་ཐང་མེར་མོ་ཁབ་ཏུ་བཞེས། ཞང་ཞུང་དོན་རྟོགས་རྒྱལ་པོས་སྐུ་བསྲུངས།
༡༩༽བོད་རྒྱལ་བཅུ་དགུ་པ་སེ་སྣོལ་པོ་ལྡེ་ནི། སེ་གནམ་དང་ཀླུ་ཐང་མེར་མོའི་སྲས་སུ་འཁྲུངས། འོད་བཟའ་ཏི་མོ་མཚོ་ཁབ་ཏུ་བཞེས། ཞང་ཞུང་ཨ་པོ་གཙུག་ཕུད་ཀྱིས་སྐུ་བསྲུངས།
༢༠༽བོད་རྒྱལ་ཉི་ཤུ་པ་ལྡེ་སྣོལ་ནམ་ནི། སེ་སྣོལ་དང་འོད་བཟའི་སྲས་སུ་འཁྲུངས། ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས། ཞང་ཞུང་ཨ་ལ་དན་ཅིས་སྐུ་བསྲུངས།
༢༡༽བོད་རྒྱལ་ཉེར་གཅིག་པ་ལྡེ་སྣོལ་པོ་ནི། ལྡེ་ནམ་དང་ཁྲི་སྨན་གྱི་སྲས་སུ་འཁྲུངས། ས་བཙུན་གཉན་རྗེ་ཁབ་ཏུ་བཞེས། ཞང་ཞུང་ད་ར་མ་ཧ་ཏིས་སྐུ་བསྲུངས།
༢༢༽བོད་རྒྱལ་ཉེར་གཉིས་པ་ལྡེ་རྒྱལ་པོ་ནི། ལྡེ་སྣོལ་དང་གཉན་རྗེའི་སྲས་སུ་འཁྲུངས། སྨན་བཙུན་ལུང་གོང་ཁབ་ཏུ་བཞེས། ཞང་ཞུང་ད་པ་ཧ་ཏིས་སྐུ་བསྲུངས།
༢༣༽བོད་རྒྱལ་ཉེར་གསུམ་པ་ལྡེ་སྤྲིན་བཙན་ནི། ལྡེ་རྒྱལ་དང་སྨན་བཙུན་གྱི་སྲས་སུ་འཁྲུངས། གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས། ཞང་ཞུང་མུ་ལ་མ་ཧོས་ཀྱིས་སྐུ་བསྲུངས།
བོད་རྒྱལ་དེ་བརྒྱད་ཀྱི་བང་སོ་ཆུ་བོའི་གཞུང་ལ་བཏབ་པས་ཆུ་ལ་ལྡེ་བརྒྱད་ཟེར། བོན་འབུམ་སྡེའི་གཞུང་དར།ལྷུན་གྲུབ་དབྱིངས་ཀྱི་གསས་ཁང་སོགས་བཞེངས།
ལྔ་པ་བར་གྱི་བཙན་ལྔ་ནི།
༢༤༽བོད་རྒྱལ་ཉེར་བཞི་པ་ཏོ་རོ་ལོ་བཙན་ནི། ལྡེ་སྤྲིན་དང་གཉན་བཙུན་གྱི་སྲས་སུ་འཁྲུངས། འོ་མ་ལྡེ་བཟའ་ཁྲི་བཙུན་མ་ཁབ་ཏུ་བཞེས། ཞང་ཞུང་ཏ་ར་ལ་ཧ་ཏིས་སྐུ་བསྲུངས།
༢༥༽བོད་རྒྱལ་ཉེར་ལྔ་པ་ཁྲི་ནམ་བཙན་ནི།
རྒྱལ་ཏོ་རོ་ལོ་དང་ལྡེ་བཟའི་སྲས་སུ་འཁྲུངས། སྨན་བཟའ་ཁྲི་དཀར་ཁབ་ཏུ་བཞེས། ཞང་ཞུང་མུ་ལ་ཧ་རྒྱལ་གྱིས་སྐུ་བསྲུངས།
༢༦༽བོད་རྒྱལ་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་ནི། ཁྲི་ནམ་དང་སྨན་བཟའ་ཁྲི་དཀར་སྲས་སུ་འཁྲུངས། སྨན་བཟའ་ཀླུ་སྟེང་ཁབ་ཏུ་བཞེས།
༢༧༽བོད་རྒྱལ་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་ནི། ཁྲི་སྒྲ་དང་སྨན་བཟའ་ཀླུ་སྟེང་སྲས་སུ་འཁྲུངས། ཞང་ཞུང་མུ་ལ་ཧ་རྒྱལ་གྱིས་སྐུ་བསྲུངས། གོང་གི་རྒྱལ་པོ་དེ་གསུམ་གྱི་རིང་ལ་སྐུ་སྲུང་ཞང་ཞུང་མུ་ལ་ཧ་རྒྱལ་གྱིས་མཛད།
༢༨༽བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་སྙན་བཙན་ནི། ཁྲིི་ཐོག་དང་རུ་ཡོང་བཟའ་སྟོང་རྒྱལ་ནམ་མཚོའི་སྲས་སུ་འཁྲུངས། གུར་སྨན་དང་། སྣོ་བཟའ་མ་སོ་རྗེ་ཁབ་ཏུ་བཞེས། གཅོ་ཡི་བོན་པོ་གཡང་སྐྱེས་དང་། མཚེའི་བོན་པོ་འདུལ་སྲོང་། འབྲིའི་བོན་པོ་ཤོ་ཏྲི་གསུམ་གྱིས་སྐུ་བསྲུངས། བཙན་པོ་དེ་ལྔའི་རིང་ལ་རྒྱལ་ཁྲིམ་ས་བཙན་པོ་ཡོད་པས་བར་གྱི་བཙན་ལྔ་ཟེར། གཉན་པོ་གསང་བ་ཞེས་པའི་ཆོས་བྱུང་།
དྲུག་པ་ཕུན་སུམ་འཚོགས་པའི་བོན་རྒྱལ་བཞི་ནི།
༢༩༽བོད་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་ནི། ཐོ་རི་དང་སྣོ་བཟའི་སྲས་སུ་འཁྲུངས། འབྲོང་བཟའ་དར་མ་གཡང་གཞེར་ཁབ་ཏུ་བཞེས། ཁུའི་བོན་པོ་མང་སྒྲ་ལེགས་པས་སྐུ་བསྲུངས། བློན་པོ་བླག་ཐོག་རྗེ་ཡིན།
༣༠༽བོད་རྒྱལ་སུམ་ཅུ་པ་འབྲོང་སྙན་ལྡེའུ་ནི། ཁྲི་གཉན་དང་འབྲོང་བཟའི་སྲས་སུ་འཁྲུངས། མཆིམ་བཟའ་ཀླུ་རྒྱལ་ངན་ནེ་མཚོ་ཁབ་ཏུ་བཞེས། ཁུའི་བོན་པོ་མང་རྗེ་ལོད་པོས་སྐུ་བསྲུངས། བློན་པོ་ཐུར་ཐོགས་འབྲིང་ཡས་སོ། །
༣༡༽བོད་རྒྱལ་སོ་གཅིག་པ་སྟག་གོང་སྙན་གཟིགས་ནི། འབྲོང་སྙན་དང་མཆིམ་བཟའི་སྲས་སུ་འཁྲུངས། འོལ་གོད་བཟའ་སྟོང་བཙུན་ཁབ་ཏུ་བཞེས། སྐུ་གཤེན་ར་སངས་ཁྲིན་ནེ་ཁོད་མཛད། བློན་པོ་སྔགས་ཁྲི་བཟང་ངོ། །
༣༢༽བོད་རྒྱལ་སོ་གཉིས་པ་གནམ་རུ་སྲོང་བཙན་ནི། སྟག་གོང་དང་འོལ་གོད་བཟའི་སྲས་སུ་འཁྲུངས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། སྐུ་གཤེན་ཟ་ལྷ་དབང་ཕྱུག་གིས་མཛད། བློན་པོ་ཐོ་མི་འབྲི་ཏོ་ཡིན། རྒྱལ་པོ་དེ་བཞིའི་རིང་བོན་ལ་བཀུ་བསྟི་ཤིན་ཏུ་ཆེ་ཞིང་ཆབ་སྲིད་རྒྱས་པས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཟེར། རྒྱས་པ་འབུམ། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི། མཚན་ཉིད་སྡེ་ལྔ་བཅས་ངོ་མཚར་བཀའ་ཡི་བོན་བཞི་དར།
བདུན་པ་ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་ལྔ་ནི།
༣༣༽བོད་རྒྱལ་སོ་གསུམ་པ་སྲོང་བཙན་ལྡེ་བཙན་ནི། གནམ་རུ་དང་འོལ་གོད་བཟའི་སྲས་སུ་འཁྲུངས། ཞང་ཞུང་བཟའ་ལི་ཏིང་སྨན། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་སོགས་ཁབ་ཏུ་བཞེས། བློན་པོ་ཁྲི་ཏོ་རེ་གནང་བཙན་ཡིན། ཐེམ་ཆེན་ལྷ་ཁང་དང་། ར་ས་འཕྲུལ་སྣང་ལྷ་ཁང་། ར་མོ་ཆེའི་ལྷ་ཁང་བཞེངས།
༣༤༽བོད་རྒྱལ་སོ་བཞི་པ་གོང་སྲོང་གོང་བཙན་ནི། སྲོང་བཙན་དང་འབྲོ་ཁྲི་མ་འགྲིང་ཏིང་གི་སྲས་སུ་འཁྲུངས། འ་ཞ་བཟའ་ཁོན་ཇོ་མོན་མོ་རྗེ་ཁྲི་དཀར་ཏིང་ཤག་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་ཁྱུང་སྐར་མཛད། བློན་པོ་བསྒྲུབ་ཏོ་རེ་སྣང་ཚབ་ཡིན།
༣༥༽བོད་རྒྱལ་སོ་ལྔ་པ་མང་སྲོང་མང་བཙན་ནི། གུང་སྲོང་དང་འ་ཞ་བཟའི་སྲས་སུ་འཁྲུངས། འབྲོང་བཟའ་ཁྲི་སེ་ཁྲི་མ་ལོད་ཁབ་ཏུ་བཞེས། སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད། བློན་པོ་འགར་ཁྲོ་སྒྲ་ཡིན།
༣༦༽བོད་རྒྱལ་སོ་དྲུག་པ་རླུང་སྲོང་རླུང་བཙན་ནི། མང་སྲོང་དང་འབྲོང་བཟའི་སྲས་སུ་འཁྲུངས། མཆིམ་བཟའ་བཙན་མོ་ཏོག་ཁབ་ཏུ་བཞེས། སྐུ་གཤེན་སྤེ་ནེ་གུས་མཛད། བློན་པོ་སྤུ་དང་ཟུ་ཟེ་ཡིན།
༣༧༽བོད་རྒྱལ་སོ་བདུན་པ་ཁྲི་ལྡེ་གཙུག་བཙན་ནི། རླུང་སྲོང་དང་མཆིམ་བཟའི་སྲས་སུ་འཁྲུངས། རྒྱ་མོ་བཟའ་ཨུན་ཆུང་དང་། སྣ་ནམ་བཟའ་ཡང་མོ་ཁབ་ཏུ་བཞེས། དེ་དག་གི་རིང་ལ་ཆོས་ཀྱི་སྲོལ་ཚུགས་པས་ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་ཟེར།
བརྒྱད་པ་རྒྱལ་སྲིད་ཐ་མའི་རྒྱུད་འཛིན་དྲུག་ནི།
༣༨༽བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་ནི། ཁྲི་ལྡེ་གཙུག་བཙན་དང་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། ཚེ་སྤུངས་བཟའ་སྟོང་སྐར་མ་ཁབ་ཏུ་བཞེས། སྐུ་གཤེན་སྤེ་ནེ་གུང་མཛད། བློན་པོ་འགར་སྟོང་བཙན་ཡུལ་བཟང་། འོ་མ་སེ་སྣ་ནམ། ཞང་མ་ཞང་ཁྲོམ་པ་སྐྱེས། སྦས་ཁྲི་བཟང་སྟོང་ཡོད། ངམ་སྟག་ར་ཀླུ་གོང་། འགོས་ཁྲི་བཟང་ཡབ་ལྷག་བཅས་ཡིན།
༣༩༽བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོ་ནི། ཁྲི་སྲོང་དང་ཚེ་སྤུངས་བཟའི་སྲས་གསུམ་གྱི་ཆེ་བ་དེ་ཡིན། ཇོ་མོ་ཕོ་ཡོང་བཟའ་རྒྱལ་མོ་བཙུན་ཁབ་ཏུ་བཞེས།
༤༠༽བོད་རྒྱལ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་ནི། ཁྲི་སྲོང་དང་ཚེ་སྤུངས་བཟའི་སྲས་གསུམ་ལས་ཆུང་བ་དེ་ཡིན། འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་ཁབ་ཏུ་བཞེས།
༤༡༽བོད་རྒྱལ་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནི། ཁྲི་ལྡེ་སྲོང་བཙན་དང་། འབྲོང་བཟའ་ལྷ་རྒྱལ་མང་མོ་རྗེའི་སྲས་ལྔ་ལས་ཆེ་བ་དེ་ཡིན།
༤༢༽བོད་རྒྱལ་ཞེ་གཉིས་པ་འུ་དུམ་བཙན་པོ་ནི། ཁྲི་ལྡེ་སྲོང་བཙན་དང་། འབྲོང་བཟའ་ལྷ་རྒྱལ་མང་མོ་རྗེའི་སྲས་ལྔ་ལས་གསུམ་པ་དེ་ཡིན། བཙུན་མོ་ཆེ་བ་སྣ་ནམ་བཟའ་དང་། ཆུང་བ་ཚེ་སྤོང་བཟའ་གཉིས་ཁབ་ཏུ་བཞེས། གདུང་རབས་དེ་དྲུག་ལ་ཆོས་ལ་གུས་པ་ཆེ་ཡང་མངའ་ཐང་སྔོན་ལས་བྲི་བས་ན་རྒྱལ་སྲིད་ཐ་མ་དྲུག་ཟེར་རོ།། དེའི་ཡན་ཆད་རྒྱལ་རབས་ཞེ་གཉིས་ནི་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཡིན།
གླང་དར་མའི་སྲས་ཡུམ་བརྟན་བྱུང་། ཁྲི་དར་མའི་སྲས་ཁྲི་དར་མ་འོད་སྲུང་བཙན་གྱི་གདུང་རབས་དག་གིས་གུ་གེ་ཡར་ཀླུང་མངའ་རིས་བཅས་ལ་དབང་བསྒྱུར་བའི་རྒྱལ་པོ་བྱས་སོ།།
ཐོག་མའི་ངོ་སྤྲོད།
རྒྱལ་ཁབ་དང་མི་རིགས་ཤིག་བརྟན་གནས་དར་གསུམ་བྱེད་པ་ལ་བློ་སྒོ་ཡངས་པའི་ངང་ནས་རིག་པ་སྒྲིམ་སྟེ་ཁྱོན་ཡོངས་ཀྱི་གནས་ཚུལ་མཐོང་དགོས་པ་དང་། ད་ལྟའི་ཆར་བོད་ཀྱི་རང་དབང་ཆེད་རང་སྲོག་བློ་གཏོང་གནང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རང་ནུས་གང་ཡོད་ཀྱིས་རང་འཁྲིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་ཞུ་དགོས་པ་སྨོས་མེད་དང་། ཕྱོགས་གཅིག་ནས་བརྗེད་མི་རུང་བའི་གནད་དོན་གཙོ་བོ་གཅིག་ནི། བོད་བརྟན་གནས་དར་གསུམ་བྱེད་པའི་རྩ་བ་ལྟ་བུའི་བོད་ཀྱི་སྒྲིག་འཛུགས་དང་ལམ་ལུགས་གཉིས་ཀ་བདག་བཟུང་ཡག་པོ་བྱ་རྒྱུ་དེ་ནི་འདོར་ཐབས་མེད་པའི་འགན་ཁུར་ཞིག་རེད། དེའི་ནང་ནས་བོད་མི་རིགས་ཀྱི་མངོན་འདོད་དང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤ པའི་མཛད་འཕྲིན་གྱི་ཆ་ཤས་སུ་གྱུར་པའི་བོད་ཀྱི་མང་གཙོ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་འདོད་དོན་སྒྲུབ་པའི་ལམ་ལུགས་འགྲན་ཟླ་བྲལ་བ་དེ་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་གཙོའི་ཆེད་དུ་མི་སེར་འབུམ་ཕྲག་མང་པོའི་མི་རྒྱུ་གོ་གནས་དང་བཅས་པ་ཤོར་དང་ཤོར་མུས་ཡིན་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་མང་གཙོ་དེ་ནི་༸གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེ་བྱིན་རླབས་ཀྱིས་གནང་བའམ་བོད་མི་ཚོས་བསྐལ་བ་བརྒྱ་ཕྲག་མང་པོར་བསགས་པའི་རྣམ་དཀར་ལས་བཟང་གི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱ་ཆོག་པ་ཡིན། དེས་ན་བཙན་བྱོལ་དུ་གནས་པའི་བོད་པ་ཚོས་བོད་ཀྱི་མང་གཙོ་འདི་ཉིད་སྲུང་སྤེལ་འཐུས་ཤོར་མེད་པ་བྱས་ཏེ་མ་འོངས་པར་གཞིས་བཞུགས་བོད་མི་རྣམས་ལ་རྩིས་འབུལ་ཞུ་ཐུབ་པ་བྱ་དགོས།
མང་གཙོའི་གོ་དོན་དང་འབྲེལ་བའི་གཏམ།
མང་གཙོ་ཞེས་པའི་གོ་དོན་ནི། མི་མང་གིས་སྤྱི་ཚོགས་ཁ་ལོ་སྒྱུར་བའམ་མང་ཚོགས་ཀྱིས་སྤྱི་ཚོགས་སྟངས་འཛིན་བྱེད་པ་ལ་ཟེར། དེ་ནི་བྱུང་རབས་ཀྱི་ཆ་ནས་སྟོན་པ་ཡེ་ཤུ་མ་འཁྲུངས་པའི་ཡར་སྔོན་དུ་མི་ལོ་༥༠༠ ཙམ་ལ་བྱུང་ཞིང་། དེ་ནི་དབྱིན་ཡིག་ནང་(Demo) ཞེས་པ་མི་མང་དང་། (cracy) ཞེས་པ་དབང་སྒྱུར་ལ་གོ་བའི་མིང་ཚིག་གཉིས་བསྡོམས་པས་མང་གིས་དབང་སྒྱུར་རམ་མང་གཙོ་ཞེས་པ་དེ་ཡིན། ནང་པའི་གཞུང་ལུགས་ནས་(ཚོགས་ཀྱིས་གཙོ་བ་) ཞེས་བྱུང་བ་ལྟར། ལམ་ལུགས་དེ་རིམ་གྱིས་འཕེལ་རྒྱས་ཕྱིན་པ་དང་དེང་སྐབས་འཛམ་གླིང་ནང་སྤྱི་ཚོགས་འཛིན་སྐྱོང་གི་ལམ་ལུགས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་པ་རེད། འོན་ཀྱང་ཡུལ་ལུང་སོ་སོའི་སྤྱི་ཚོགས་འཛིན་སྐྱོང་ལམ་ལུགས་ནང་དཔེར་ན། སྲིད་དོན་ཚོགས་པ་སྣ་མང་ཡོད་པའི་ཨ་རི་དང་རྒྱ་གར་ལྟ་བུ་དང་། ཨ་ཧྤི་རི་ཁའི་ནང་དུ་སྲིད་དོན་ཚོགས་པ་གཅིག་ཅན་གྱི་རྒྱལ་ཁབ་མང་པོ་ཡོད་པ་རེད་ཟེར། དེ་བཞིན་སྤྱི་ཚོགས་རིང་ལུགས་ཅན་གྱི་རྒྱལ་ཁབ་སོགས་སོ་སོ་རང་ཉིད་ལ་དཔག་པའི་མང་གཙོའི་འགྲེལ་བཤད་རེ་བྱེད་བཞིན་པ་རེད། འཛམ་གླིང་ནང་མང་གཙོའི་གོ་དོན་ཐད་འཁྲུལ་གཞི་འདྲ་མིན་དང་གོ་དོན་ཆེ་ཆུང་མང་པོ་ཡོད་མོད། གཙོ་བོ་མང་ཚོགས་ཀྱིས་སྤྱི་ཚོགས་དབང་སྒྱུར་བྱེད་པ་ལ་མི་རྣམས་ཡིད་དབང་འཕྲོག་སྟེ་མང་གཙོ་ལ་དགའ་ཞེན་བྱེད་ཀྱི་ཡོད་པ་རེད།
མང་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས།
མང་གཙོའི་ལམ་ལུགས་ནི། སྐྱེ་བོ་སོ་སོའི་འདྲ་མཉམ་གྱི་ཁེ་ཕན་གཞིར་བཞག་པ་དང་ཁྲིམས་ཀྱིས་དབང་སྒྱུར་བྱེད་པའི་ཚོགས་སྡེ་ཞིག་གི་ལམ་སྲོལ་ཡིན་ལ། མང་གཙོའི་སྤྱི་ཚོགས་ཚང་མས་གཅིག་གྱུར་གྱི་ངོས་འཛིན་བྱེད་པའི་རང་དབང་གི་ཁོངས་སུ། ཆོས་དད་རང་དབང་དང་གསར་འགོད་རང་དབང་། སྨྲ་བརྗོད་རང་དབང་དང་མཉམ་སྦྲེལ་དང་འདུ་འཛོམས་རང་དབང་། རང་དབང་ཕལ་ཆེར་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ནས་སྲུང་སྐྱོབ་བྱེད་ཀྱིན་ཡོད། ལམ་ལུགས་འདི་ནི། ཚད་བཀག་མེད་པའི་རང་སྣང་གང་དྲན་གྱི་བྱ་སྤྱོད་ལམ་ལུགས་ཤིག་རྩ་བ་ནས་མིན་པ་མ་ཟད། གང་ཟག་རང་ཉིད་ཀྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ། སྐྱེ་བོ་གཞན་གྱི་རང་དབང་དང་ཁེ་ཕན་ལ་བརྡལ་བཤིག་མི་གཏོང་བ་བར་རང་གཞན་གཉིས་ཀའི་བདེ་སྐྱིད་དང་ཐོབ་ཐང་སྲུང་སྐྱོབ་ཐུབ་དགོས། རང་ཉིད་ཀྱི་ཁེ་ཕན་དང་རང་དབང་སྲུང་སྐྱོབ་གཅིག་པུའི་ཆེད་དུ་མིན་པར་སྤྱི་ཚོགས་ལ་སེམས་ཁུར་བླངས་ཏེ་ལས་དོན་ལ་མཉམ་ཞུགས་བྱ་རྒྱུ་དང་སྤྱི་དོན་ཐོག་སེམས་བསྐྱེད་ཆེ་བའི་ཡུལ་མི་སྤུས་གཤིས་དག་པ་ཞིག་བྱ་རྒྱུ་དེ་ཡིན། མང་གཙོའི་ཁྱད་ཆོས་གཙོ་བོའི་གྲས་སུ། རང་དབང་ཅན་གྱི་འོས་བསྡུ་དང་འདྲ་མཉམ། མང་མོས་ཀྱིས་དབང་སྒྱུར་དང་གྲངས་ཉུང་གི་ཐོབ་ཐང་། འགན་དབང་ཆ་བགོས་དང་འགན་འཁུར་ཕྱི་གསལ་ནང་གསལ། སྲིད་དོན་གྱི་ཚོགས་པ་ཁག་དང་རྩ་ཁྲིམས་ལྡན་པའི་གཞུང་། རང་དབང་ལྡན་པའི་ཁྲིམས་ལུགས་དབང་འཛིན་དང་སྒེར་བཙུགས་རང་དབང་ཅན་གྱི་ཚོགས་སྡེ་ཁག་ཡོད་པ་སོགས་སྐྱེ་བོ་སྒེར་གྱི་བདེ་སྐྱིད་སྲུང་སྐྱོབ་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་ལམ་ལུགས་ཡག་ཤོས་ཤིག་ཡིན།
མང་གཙོའི་རྣམ་གྲངས།
མང་གཙོ་ལ། ཐད་ཀའི་མང་གཙོ་དང་འཐུས་མི་ཅན་གྱི་མང་གཙོ་གཉིས་སུ་དབྱེ་ཡོད་ལ། ཐད་ཀའི་མང་གཙོ་ནི། འཇིག་རྟེན་ཐོག་གི་མང་གཙོ་ཐོག་མའི་གྲས་ཤིག་དང་། གྷི་རི་སིའི་རྒྱལ་ས་ཨེ་ཐན་དུ་དར་མྱོང་ཞིང་མང་གཙོ་དེ་ལ་དེང་སང་གི་མང་གཙོ་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་ཅིང་། དཔེར་ན་ཁོང་ཚོའི་མང་གཙོའི་ལུགས་སྲོལ་ནང་སྐྱེས་པ་ཕོ་ཁོ་ན་མ་གཏོགས་གཏན་འཇགས་ལས་དོན་བྱེད་མི་ཆོག་པ་ལྟ་བུ་རེད། འཐུས་མི་ཅན་གྱི་མང་གཙོ་ནི། དེང་སང་དར་ཁྱབ་ཆེ་བ་དང་དེ་ཡང་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོ་དང་སྲིད་འཛིན་ལམ་ལུགས་ཀྱི་མང་གཙོ་གཉིས་སུ་དབྱེ་ཡོད་པ་རེད། གྲོས་ཚོགས་ལམ་ལུགས་ཅན་གྱི་མང་གཙོ་ནི་དབྱིན་ཇི་དང་རྒྱ་གར་གཉིས་དཔེ་མཚོན་དུ་འཇོག་ཆོག་པ་ཡིན། སྲིད་འཛིན་ལམ་ལུགས་ཀྱི་མང་གཙོ་ནི་ཨ་རི་ལྟ་བུ་དང་། དེ་ཡང་མི་མང་གི་ཐད་ཀར་སྲིད་འཛིན་འོས་འདེམས་བྱེད་པ་དང་སྲིད་འཛིན་གྱིས་བཀའ་བློན་རྣམས་ཐད་བསྐོ་བྱེད་ཀྱིན་ཡོད།
བོད་ཀྱི་ཐོག་མའི་གནས་སྟངས།
བོད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞིང་། གནས་ལུགས་དེ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཙམ་མིན་པར་མི་རིགས་གཞན་གྱི་ཡིག་ཆ་དང་ལྷག་པར་རྒྱ་རིགས་རང་ཉིད་ཀྱིས་བྲིས་པའི་ཡིག་ཆའི་ནང་དུའང་གསལ་ཡོད་པ་རེད། བོད་ལ་མང་གཙོའི་ལམ་ལུགས་མ་དར་བའི་གོང་དུ་རྒྱལ་པོའི་ལམ་ལུགས་ཀྱི་རྣམ་པ་ཆེན་པོ་ཡོད་པ་དང་རིམ་གྱིས་འགྱུར་བ་ཕྱིན་ཏེ་སེར་སྐྱ་གཉིས་ཀས་གྲུབ་པའི་རྒྱལ་ཡོངས་ཚོགས་འདུ་ཞིག་ཡོད་མོད། དེ་ནི་ཚོགས་མིའི་ཡོངས་ཁོངས་འོས་བསྡུ་དང་འཐུས་མི། ཡང་ན་མང་མོས་ལྟ་བུའི་ལམ་ནས་ཡོང་བ་མིན་སྟབས། ཞིང་བྲན་ལམ་ལུགས་སམ་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་མི་མང་པོས་འགྲེལ་བཤད་བྱས་ཡོད་པ་རེད།
བོད་ཀྱི་མང་གཙོའི་འཕེལ་རིམ།
ཕྱི་ལོ་༡༩༥༩ ཟླ་༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་ལ་བོད་མི་སེར་སྐྱ་གཉིས་ཀྱིས་བརྟན་བཞུགས་ཤིག་ཕུལ་སྐབས། ༸གོང་ས་མཆོག་གིས་བོད་འདི་སྔར་ལྟར་མ་ཡིན་པར་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་དགོས་གལ་ཆེ་བས་རྒྱ་ཆེའི་མི་མང་གི་ངོ་ཚབ། མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས། ཆོས་ལུགས་ཆེན་པོ་བཞིའི་འཐུས་མི་རེ་དང་ཆོལ་ཁ་གསུམ་ནས་འཐུས་མི་རེ་བཅས་འོས་འདེམས་ཀྱི་ལམ་ནས་མིང་གཞུང་འཕྲལ་དུ་འབུལ་དགོས་ཀྱི་བཀའ་ཕེབས་པ་ལྟར་འོས་ཐོབ་སེར་སྐྱ་འཐུས་མི་༡༣ གྱི་མིང་ཐོ་འབུལ་ལམ་ཞུས་ཏེ། ཕྱི་ལོ་༡༩༦༠ ཕྱི་ཟླ་༩ ཚེས་༢ ཉིན་༸གོང་ས་མཆོག་དབུ་བཞུགས་ཀྱིས་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་དབུ་བརྙེས་པའི་མཛད་སྒོ་བསྐྱངས་པ་དང་། ཉིན་དེ་ནི་ཡོངས་གྲགས་རྩོད་མེད་ངང་བོད་ཀྱི་མང་གཙོ་དབུས་བརྙེས་པའི་དུས་ཚིགས་སུ་གཏན་འཁེལ་བ་རེད།
བོད་ཀྱི་འཛིན་སྐྱོང་བཀའ་ཤག
ཕྱི་ལོ་༡༩༩༡ ནས་བོད་ཀྱི་བཀའ་བློན་བསྐོ་བཞག་བྱེད་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ། བཀའ་བློན་གྱི་འོས་གཞི་༸གོང་ས་མཆོག་གིས་བདམས་གནང་བ་དང་། འོས་གཞི་དེ་ནས་བོད་མི་མང་སྤྱི་འཐུས་ཀྱིས་བཀའ་བློན་ལྷན་ཚོགས་འོས་འཕེན་གྱིས་མཐའ་མའི་བསྐོ་བཞག་བྱས་པ་བརྒྱུད། འདེམས་ཟིན་པའི་བཀའ་ཤག་ནང་ཁུལ་ནས་བཀའ་བློན་ཁྲི་པ་མོས་འདེམ་བྱེད་ཀྱིན་ཡོད། ཕྱི་ལོ་༢༠༠༡ ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློ་ཁྲི་པ་བསྐོ་བཞག་བྱེད་པའི་ལམ་སྲོལ་བཏོད་དེ། འདེམས་ཐོན་བཀའ་བློན་ཁྲི་པ་སྐབས་དང་པོ་དང་སྐབས་གཉིས་པ། བཀའ་ཁྲི་སྐབས་གསུམ་པའམ་སྲིད་སྐྱོང་བ་བཅས་ལ་སྔ་ཕྱིར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས། སྲིད་དོན་ཚོགས་པའི་བྱེད་སྟངས་སྤྱད་དེ་སྔ་རྗེས་སུ་འགན་ཁུར་ཆེན་པོས་མང་ཚོགས་ཀྱི་འོས་ཤོག་གི་ཁ་ལོ་རིམ་གྱིས་བསྒྱུར་བ་དང་། དེའི་གྲུབ་འབྲས་དཔང་རྟགས་ལྟ་བུར་བཀའ་ཤག་གི་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འདེམས་སྐབས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བཏོན་པའི་བཀའ་ཁྲིའི་འོས་གཞི་དང་། སྲིད་སྐྱོང་གི་འོས་གཞི་ཤ་སྟག་ལ་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་གཞི་ཁྱབ་བསྒྲགས་བྱེད་ཕྱོགས་ལའང་རང་འཁྲིའི་འགན་བབ་ཕྲག་ཏུ་བླངས་ཤིང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད། བཙན་བྱོལ་དུ་འབྱོར་བ་ནས་བཀའ་ཤག་སྐབས་བཅོ་ལྔ་བྱུང་ཞིང་། ཐོག་མའི་སྐབས་སུ་༸གོང་ས་མཆོག་གིས་བཀའ་ཤག་ཐད་ཀར་བསྐོ་བཞག་གནང་བ་དང་། བཀའ་ཤག་སྐབས་དང་པོར་བཀའ་བློན་༤ དང་། སྐབས་གཉིས་པར་བཀའ་བློན་༦ ། སྐབས་གསུམ་པ་དང་བཞི་པར་བཀའ་བློན་༤ རེ། སྐབས་ལྔ་པར་བཀའ་བློན་༦ །སྐབས་དྲུག་པར་བཀའ་བློན་༤ ། སྐབས་བདུན་པར་བཀའ་བློན་༦ །སྐབས་བརྒྱད་པར་བཀའ་བློན་༣ ། སྐབས་དགུ་པར་བཀའ་བློན་༥ །སྐབས་བཅུ་པར་བཀའ་བློན་༩ ། སྐབས་བཅུ་གཅིག་པར་བཀའ་བློན་༡༢ ། སྐབས་བཅུ་གཉིས་པར་བཀའ་བློན་༤ ། སྐབས་བཅུ་གསུམ་པར་བཀའ་བློན་༨ །སྐབས་བཅུ་བཞི་པར་བཀའ་བློན་༧། སྐབས་བཅོ་ལྔ་པར་སྲིད་སྐྱོང་དང་བཀའ་བློན་༯ ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས།
དེ་ནས་བཟུང་ད་བར་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔའི་བར་བྱུང་ཞིང་སྤྱི་འཐུས་ཀྱི་འཕེལ་རིམ་ནི། སྤྱི་འཐུས་སྐབས་དང་པོར་འཐུས་མི་གྲངས་༡༣ དང་། སྐབས་གཉིས་པ་དང་གསུམ་པར་འཐུས་མི་༡༧ རེ། སྐབས་བཞི་པ་དང་ལྔ་པ་གཉིས་ལ་འཐུས་མི་༡༦ རེ། སྐབས་དྲུག་པ་དང་བདུན་པར་འཐུས་མི་༡༧ རེ། སྐབས་བརྒྱད་པ་དང་དགུ་པ། བཅུ་བ་བཅས་ལ་འཐུས་མི་༡༢ རེ། སྐབས་བཅུ་གཅིག་དང་བཅུ་གཉིས། བཅུ་གསུམ་བཅས་ལ་འཐུས་མི་༤༦ རེ། སྐབས་བཅུ་བཞི་པར་འཐུས་མི་༤༣ དང་སྐབས་བཅོ་ལྔ་པར་འཐུས་མི་༤༤ ། སྐབས་བཅུ་དྲུག་པར་༤༥ ཡོད་པ་སྟེ། དེ་ནི་བོད་མི་མང་སྤྱི་འཐུས་ཀྱི་གྲངས་ཚད་འཕེལ་རིམ་ཡིན་པ་དང། དེར་བརྟེན་ཕྱི་ལོ་༡༩༩༤ ཟླ་༩ ཚེས་༢ ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་པ་ནས་ད་བར་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་དང་བཅུ་གསུམ་པ། བཅུ་བཞི་པ་དང་བཅོ་ལྔ་པ་བཅས་སྤྱི་འཐུས་སྐབས་བཞིའི་རིང་སྲིད་དོན་ཚོགས་པའི་འོས་འགན་ལྟར་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་འོས་གཞི་ཁྱབ་བསྒྲགས་ཀྱིས་ལས་འགན་ཁྱེར་ཡོད། དེ་བཞིན་འོས་བསྡུའི་ལས་རིམ་ནང་འཛིན་སྐྱོང་བཀའ་ཤག་གི་ཐད་ཆ་ཤས་ཤུགས་ཆེར་བླངས་ཡོད་པ་མ་ཟད། སྐབས་འདིའི་སྲིད་སྐྱོང་མཆོག་ཀྱང་འདི་ག་མང་གཙོ་ཚོགས་པ་རང་ཉིད་ཀྱིས་བདམས་པའི་བོད་ཀྱི་འཛིན་སྐྱོང་གི་འགོ་འཛིན་དེ་ཡིན།
ཁྲིམས་ལུགས་དབང་འཛིན།
ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི། བོད་མིའི་སྒྲིག་འཛུགས་དང་མི་མང་གི་གནས་སྐབས་དམིགས་བསལ་དགོས་མཁོ་དང་འཚམས་པའི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། སྡེ་ཚན་འདི་ནི་རང་ལོ་དང་ཞབས་ལོ་ལྟར་ཡིན་པས་བཀའ་སྤྱི་ལྟར་སྐབས་རིམ་པ་བརྩི་སྲོལ་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་༦༢ པའི་ཆ་རྐྱེན་འོག་ཕྱི་ལོ་༡༩༩༢ ཟླ་༣ ཚེས་༡༡ ཉིན་བཙན་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཉིད་བཞུགས་སྒར་ངྷ་རམ་སཱ་ལར་དབུ་འཛུགས་གནང་། ཐོག་མར་ཁྲིམས་ཞིབ་པ་ཆེ་བ་གཅིག་ལས་མེད་ཀྱང་། ༡༩༩༧ ཟླ་༠༡ ཚེས་༢༩ ཉིན་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་དམ་འབུལ་མཛད་དེ་ཁྲིམས་ཞིབ་ཁང་གི་གྲུབ་ཆ་ཚང་བར་གྱུར་ཡོད། ཕྱི་ལོ་༡༩༩༢ ནས་༢༠༡༡ བར་ཁྲིམས་ཞིབ་པ་རྣམས་འོས་འདེམས་བརྒྱུད་དེ་མཐའ་མར་དེ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་བཞག་མཛད་རྒྱུར་གཏན་འབེབས་བྱུང་ཡང་། བཅའ་ཁྲིམས་བསྐྱར་བཅོས་རིམ་པ་༢༨ བྱུང་བ་དང་། ད་ལྟ་བཅའ་ཁྲིམས་བསྐྱར་བཅོས་༢༨ ལྟར་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས། ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཞེས་བཞིན་ཕྱག་བསྟར་གནང་མུས་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འོག་ཏུ་ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ཁྲིམས་ཞིབ་ཁང་བཅས་ཁྲིམས་ཞིབ་ཁང་རིམ་པ་གཉིས་ཡོད་པ་དང་། གནས་སྐབས་ས་གནས་ཁྲིམས་ཞིབ་ཁང་ལ། རྒྱ་གར་ནང་བྱང་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། ལྷོ་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། ལ་དྭགས་བོད་མིའི་ཁྲིམས་ཞིབ་ཁང་། ཤར་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། བལ་ཡུལ་དུ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་བཞི། སུའུ་སི་ལ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་གཅིག་བཅས་ཁྱོན་སྡོམས་ས་གནས་ཁྲིམས་ཞིབ་ཁང་དགུ་ཡོད་པ་རེད། སྐོར་བསྐྱོད་ཁྲིམས་ཞིབ་ཁང་ནི་གནས་སྐབས་ཡུལ་དུས་ཀྱི་དབང་གིས་དངོས་སུ་ཚུགས་མེད་པ་ཙམ་ཡིན།