སྲིད་བྱུས་གསལ་བསྒྲགས།

༄༅། །ཕྱི་ལོ་༡༩༨༩ཟླ་བ་གསུམ་པའི་བོད་རྒྱ་ཆེའི་མི་མང་གི་ངོ་རྒོལ་སྒེར་ལངས་དེ་ནི་རྒྱ་དམར་གྱི་དབང་བསྒྱུར་དམག་ཤུགས་ལ་ཆོལ་གསུམ་བོད་མི་མཆོག་དམན་ཡོངས་ནས་མི་ལོ་བཅུ་ལ་ཉེ་བའི་རིང་རང་དབང་གི་དོན་དུ་རྒྱ་མིར་འཐབ་རྒོལ་བྱས་པའི་ངར་ཤུགས་རྩེ་མོར་སོན་པ་ཞིག་ཡིན།  དུས་དེ་ནས་བཟུང་རྒྱ་དམར་གྱི་བཙན་དབང་འོག་བོད་མི་ས་ཡ་གཅིག་ལས་མང་བས་རང་དབང་དང་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང་ལེགས་བྱང་སྲུང་སྐྱོབ།   རང་གི་ངོ་བོ་དང་རྒྱལ་ཞེན་བཅས་ཀྱི་དོན་དུ་རང་སྲོག་དོར་དགོས་བྱུང་ཡོད།

གཙོ་ཆེ་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང་བོད་ནང་ཡོད་པའི་རྒྱ་ཆེའི་མང་ཚོགས་ཀྱི་རྨད་བྱུང་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་མི་མཐུན་ལྡོག་ཐབས་བྲལ་བའི་གེགས་བར་ཇི་ཡོད་རང་ཞིར་གྱུར་ཏེ།  ད་ཆ་རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་གནས་སྟངས་དེ་རང་ཁེ་དོན་དུ་གཉེར་བའི་སྲིད་དོན་དབང་ཆའི་སྟོབས་ཤུགས་དང་གྲང་དམག་འཁྱག་རོམ་ལྟ་བུའི་མཁྲེགས་བཟུང་སྲིད་བྱུས་འགྱུར་མེད་གནས་སྟངས་དེའི་གཞན་དབང་དུ་འགྱུར་མ་ཐུབ་སྟེ་འཚོ་གནས་ཐུབ་པ་བྱུང་ཡོད།  ད་ཆ་འཛམ་གླིང་ཆབ་སྲིད་འགྱུར་བའི་སྟོབས་ཤུགས་ཆེན་པོ་རིམ་ཅན་ལ་བརྟེན་ནས་བོད་རང་བཙན་སླར་གསོའི་དོན་གནད་དེ་བཞིན་དོན་སྨིན་ཡོང་བ་དང་འགྲུབ་ནུས་ངེས་ཅན་ཞིག་དུ་འགྱུར་བཞིན་ཡོད།  གོང་གསལ་འགྱུར་བའི་དཔེ་མཚོན་རན་ཤོས་ནི་འབར་ལིན་གྱི་རྩིག་པ་བཤིག་པ་དེ་ཡིན་ལ།  དེ་ནི་དམར་ཤོག་གི་མཐའ་འབྲས་འཐོར་ཞིག་ཏུ་འགྲོ་བའི་འགོ་འཛུགས་དང་།  འགྲོ་བ་མི་ཡིས་མང་གཙོ་ལ་ཡིད་ཆེས་བསྐྱར་གསོ་ཐེབས་ཡོད་ཅིང་།  ལོ་རབས་དྲུག་ཅུ་དང་བདུན་ཅུ་དོན་གྲངས་ནང་ལ་ཐབས་ཤེས་བྲལ་བ་ལྟ་བུར་གྱུར་པ་དེ་རྣམས་ད་ཆ་རེ་བས་ཁེངས་ཡོད།  འགྱུར་བ་དེའི་རྗེས་འབྲེལ་རྒྱ་ནག་ནང་ལ་ཏིང་ཤའོ་ཕིང་གི་དཔལ་འབྱོར་གུ་ཡངས་སྲིད་བྱུས་ལག་བསྟར་བྱུང་བ་དང་།  དེས་རྐྱེན་པས་བརླང་སྤྱོད་ཁོ་ན་གཙོ་བོར་མཚོན་པའི་རིག་གནས་གསར་བརྗེའི་བྱ་གཞག་ལས་འགུལ་དེའི་སྐབས་བོད་མི་རྣམས་ཀྱིས་བསམ་ཡུལ་ལས་འདས་པའི་འཇིགས་སྣང་དང་དངངས་སྐྲག། སྡུག་བསྔལ། བཀྲེས་སྐོམ། གཏོར་བཤིག། བརྡུང་བརྡེགས། བསྡེབས་གསོད་བཅས་ལོ་མང་བསྟུད་དེ་མྱངས་པའི་ངལ་གདུང་དེ་ལས་ཅུང་ཟད་དབུགས་དབྱུང་ཐོབ་ཡོད། བོད་དང་རྒྱ་ནག་གཉིས་ཀར་གུ་ཡང་གི་དུས་ཚོད་འདི་དང་སྟབས་བསྟུན་རང་བཙན་མང་གཙོའི་ཆེད་དུ་གོ་རིམ་བཞིན་དུ་ལས་འགུལ་གོང་འཕེལ་དུ་གྱུར་ཡོད།  བོད་དུ་ནི་རྒྱ་ཆེའི་གྲྭ་བཙུན་གྱིས་སྣེ་ཁྲིད་པའི་མངོན་གསལ་དོད་པོས་ཞི་བའི་སྒེར་ལངས་ཟམ་མ་ཆད་པ་ཕྲེང་བ་ལྟར་ཕྱི་ལོ་༡༩༨༧ ཟླ་བ་ ༩ ཚེས་ ༢༧ ནས་འགོ་འཛུགས་དང་།  རྒྱ་ནག་ཏུ་ཕྱི་ལོ་ ༡༩༨༩ ཟླ་བ་དྲུག་པའི་ནང་མང་གཙོའི་འཐབ་རྩོད་ཆེད་དུ་གནམ་བདེ་སྒོ་མོའི་དམར་གསོད་ཡོངས་གྲགས་མཐོང་ཆོད་དུ་ཡོད།  ཧ་ལས་པའི་འཛམ་གླིང་གི་འགྱུར་བ་དེ་རྣམས་བཙན་བྱོལ་བོད་མིའི་ཁྲོད་དུ་ཡང་མངོན་གསལ་དུ་གྱུར་ཡོད།  ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྣམས་མང་གཙོའི་ལམ་ཐོག་གོམ་གང་མདུན་བསྐྱོད་ཆེད་བཀའ་བློན་ཚང་མ་བོད་མི་མང་སྤྱི་འཐུས་རྣམས་ནས་ཐད་ཀར་འོས་འདེམས་ཆོག་པ་དང་།  སྤྱི་འཐུས་བདམས་ཟིན་པ་རྣམས་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་ཕབ་མི་དགོས་པ་འགྱུར་བཅོས་གནང་ཡོད།

 

ད་ཆ་སླར་ཡང་བོད་རང་བཙན་བསྐྱར་རྩོད་ཀྱི་གོ་སྐབས་གོང་འཕེལ་དུ་ཐོན་བཞིན་པ་རེད།    ལྷག་པར་རྒྱ་ནག་གི་ཆེས་མཐོའི་གཙོ་འཛིན་ཏིང་ཤའོ་ཕིང་འཆི་ལ་ཉེ་བ་དང་།    རྒྱ་མི་མང་པོ་དམར་པོའི་ལྟ་སྤྱོད་ལ་བསུན་ཆེས་པས་ཡིད་ཆེས་བརླགས་ཟིན་པ་ལ་བརྟེན་ནས་གཙོ་འཛིན་རྗེས་མ་སུ་ཡོང་ཐད་ཐེ་ཚོམ་དུ་ལུས་ཡོད། ཁྱད་པར་གཞུང་གི་མི་སྣ་མཐོ་དམན་ཚང་མར་ལྐོག་ཟས་དང་།       ཉོ་ཐང་འཕར་ཚད་ཇེ་མཐོ།  མི་མང་དང་མངའ་སྡེ་ནང་ཕན་ཚུན་དབར་འཁོད་སྙོམས་ཀྱི་སྟངས་འཛིན་མེད་པའི་དཔལ་འབྱོར་ཧེ་བག་ཆེན་པོ་ཤོར་ཞིང་།       གཞན་ཡང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནོན་ཤུགས་གཞན་ཚང་མ་སྣེ་བསྡོམས་ཏེ་གསར་དུ་ནང་ཁུལ་དམག་འཁྲུག་ཡོང་ཉེའི་གནས་སྟངས་སུ་གྱུར་ཡོད།

 

མང་གཙོ་ཚོགས་པ་ནི་རྟགས་མཚན་ཅན་གྱི་རྒྱལ་སྤྱི་དང་རྒྱལ་ནང་དུ་རླབས་ཆེན་གྱི་འགྱུར་བ་བྱུང་བའི་ཁྲོད་དུ་བོད་རྒྱ་ཆེའི་མི་མང་ལ་བོད་རང་བཙན་སླར་གསོའི་བྱ་ཐབས་ཕྱོགས་གསལ་པོ་དང་གཅིག་གྱུར་ཞིག་བཟོ་བའི་ཆེད་དུ་དམིགས་ནས་བཙུགས་པ་རེད།        ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༦༠ ལོར་        ༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འཛུགས་བསྐྱངས་པའི་མང་གཙོའི་ལམ་སྲོལ་དེ་ཉིད་སྱུང་སྐྱོབ་དང་གོང་འཕེལ་གཏོང་བའི་ཆེད་དུ་ཡང་བཙུགས་པ་རེད།           ཚོགས་པ་འདི་བརྒྱུད་ནས་བོད་མི་མང་མང་གཙོའི་ཐོག་སེམས་ཐག་གཙང་བཅད་ཡོད་པ་དེ་དག་སྲ་བརྟན་བཟོ་བ་ཙམ་མ་ཟད།    ལོ་རེ་བཞིན་ཤེས་བྱ་དང་བཟོད་བསྲན།   གཞན་ཕན་བཅས་ཡར་རྒྱས་གཏོང་རྒྱུ་ངེས་གཏན་ཡིན།

 

ལོ་རྒྱུས་ཀྱི་ནང་དུ་ལན་མང་རྒྱུ་ཡི་གློག་འོད་དེ་འཕྲོས་མ་ཐག་ཏུ་འབྲས་བུ་ཡི་གནམ་ལྕགས་དེ་འཕྲལ་མར་བྱུང་བ་དཀོན་ཞིང་།  ལོ་ངོ་བཅུ་ཕྲག་མང་པོའི་ནང་བོད་མི་རྣམས་ལ་དྲང་མིན་གྱི་དཀའ་བའི་མནར་གཅོད་ལན་གྲངས་མང་པོར་སྤྱད་དགོས་བྱུང་ཡོད་ན་ཡང་།        དེ་དག་ལས་ཐར་པའི་བཅོས་ཐབས་ཀྱི་འགོ་འཛུགས་ཙམ་ཡང་ད་བར་བྱུང་མེད།      ད་ཆ་བཅོས་ཐབས་ཀྱི་སྐད་སྒྲ་རྣམས་ཐོས་ཤིང་ཡོད་ལ།  དངོས་འབྲེལ་རིང་མིན་བོད་རང་དབང་རང་བཙན་དུ་འགྱུར་བར་ངེས།  མང་གཙོ་ཚོགས་པའི་ཉི་མ་དེ་དངོས་འབྲེལ་དུ་འཆར་འགྱུར་འཐབ་རྩོད་བྱ་རྒྱུ་ཙམ་དུ་མ་ཟད།     བོད་ལ་རང་དབང་སླར་གསོ་བྱུང་བ་དེ་སྐྱེས་ཕོ་མོ་བྱིས་པ་སྟེ་མཆོག་དམན་ཀུན་དང་གྲོང་ཁྱེར་དང་གྲོང་གསེབ། འབྲོག་སྡེ་བཅས་ཚང་མར་ཁྱབ་པའི་དཀའ་སྤྱད་འབད་རྩོལ་བྱ་རྒྱུ་ཡིན།

རང་བཙན་གཙང་མ།

བོད་ནི་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་དབང་བསྒྱུར་མ་བྱུང་སྔོན་དབང་ཚད་ཡོངས་རྫོགས་ལྡན་པའི་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན། དེ་ནས་བཟུང་བོད་ཕྱི་ནང་གང་སར་བོད་མི་ཚོས་རང་བཙན་གྱི་དོན་དུ་སྙིང་སྟོབས་ཆེན་པོའི་སྒོ་ནས་འཐབ་རྩོད་མུ་མཐུད་བྱས་ཡོད། ལས་འགུལ་འདིའི་ཆེད་དུ་མི་རྒྱུ་གཉིས་ཀྱི་བློས་བཏང་ཇི་བྱས་ཀྱི་རིན་ཐང་ནི་གཞལ་དུ་མེད་པ་ཞིག་ཡིན། བོད་རྒྱ་ཆེའི་མི་མང་རྣམས་ནས་འགྲེལ་བརྗོད་དཀའ་བའི་སྡུག་བསྔལ་དང་འགྲོ་བ་མིར་འོས་པའི་མཐུན་རྐྱེན་ཁག་དང་ཡོངས་སུ་བྲེལ་བའི་དཀའ་ཐུབ་མྱངས་དགོས་བྱུང་ཡོད། སྔ་ས་ཕྱི་ལོ་༡༩༥༩ ཙམ་ནས་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ནས་བོད་ནང་རྒྱ་མིས་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་བཟུང་སྟེ་བོད་མི་རྣམས་བསྡེབས་གསོད་གཏོང་གི་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་རྒྱབ་སྐྱོར་སྙན་ཐོ་དང་སྦྲགས་ཡོངས་བསྒྲགས་གསལ་བཤད་ཀྱང་ད་ལྟའི་ཆར་དུ་རྒྱ་མིས་ལེགས་བྱང་དང་། མི་དང་སྲོག་ཆགས། ཁོར་ཡུག་བཅས་བོད་ཀྱི་སྣོད་བཅུད་མཐའ་དག་ལ་བསྡེབས་གསོད་དང་གཏོར་བཤིག ལོ་རྒྱུས་ནག་སུབས་གཏོང་བ་བཅས་བྱེད་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་མང་གཙོ་ཚོགས་པ་ནི་དབུས་གཙང་། མདོ་སྟོད། མདོ་སྨད་དང་བཅས་པའི་སྔར་ཡོད་བོད་ཆོལ་གསུམ་ཡོངས་རྫོགས་རང་དབང་རང་བཙན་གཙང་མའི་ལས་དོན་ཆེད་འབད་རྒྱུ་ཡིན། གནད་དོན་འདི་ཐོག་ཇི་ལྟར་གྱུར་ཀྱང་བསྡུམ་འགྲིག་བྱ་རྒྱུ་མིན།

འཚེ་བ་མེད་པའི་འཐབ་རྩོད།

མང་གཙོ་ཚོགས་པས་རང་དབང་དང་རང་བཙན་གྱི་རིན་ཐང་དེ་ཚིག་གི་ལམ་ནས་བརྗོད་དུ་མེད་པ་ཞིག་ཡིན་པར་དྲང་བདེན་ཡིད་ཆེས་ཡོད་པར་བརྟེན། དེ་དག་བསྒྲུབ་པའི་ཐབས་ལམ་གྲངས་བཅད་ཅིག་ཡིན་པར་ངོས་འཛིན་ཞུ་གི་མེད། འོན་ཀྱང་ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་དང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྤྱན་རྒྱངས་རིང་ཞིང་གཞན་ཕན་གྱི་གཞི་རྩ་བརྟན་པའི་ལམ་སྟོན་གཉིས་གཞི་རྩར་བཞག་ནས་འཚེ་བ་མེད་པ་དེ་ང་ཚོའི་བཟང་པོའི་དམིགས་ཡུལ་བསྒྲུབ་པའི་ཐབས་ལམ་དུ་གཟུང་རྒྱུ་ཡིན། ཡིན་ན་ཡང་མཐར་ཐུག་ཏུ་ཐབས་ལམ་གང་ཞིག་བདམས་མིན་ནི་གནས་སྟངས་བྱེ་བྲག་པ་ཞིག་གི་འོག་ཏུ་བོད་རྒྱ་ཆེའི་མི་མང་གི་ཕྱག་ཏུ་ཐག་གཅོད་ཀྱི་འགན་དབང་འཇོག་རྒྱུ་ཡིན་པ་གསལ་པོར་ཞུ་རྒྱུ་ཡིན།

མང་གཙོར་དམ་བཅའ་བརྟན་པོ།

བོད་ཀྱི་མང་གཙོ་ནི་རྒྱུ་མཚན་མང་པོའི་སྒོ་ནས་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་ཡོད། ཐོག་མ་བོད་རྒྱ་ཆེའི་མི་མང་རྣམས་ཀྱི་དངོས་སུ་འདོད་པ་མེད་པ་དང་།འདི་ཉིད་ལ་སྤྲོ་བ་ཆེར་མ་བྱས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ཁེ་དབང་མར་སྩལ་བ་དེ་ནི་ཁྱད་ཆོས་གཙོ་བོ་དེ་ཡིན། དེས་ན། འདི་ནི་ཤིན་ཏུ་རིན་ཐང་ཆེ་བ་དང་ཡོངས་ལ་ངོམས་སུ་ཆོག་པའི་བྱིན་རླབས་ཅན་ཞིག་ཡིན།

མང་གཙོ་ཚོགས་པ་ནས་བོད་ཀྱི་ཆབ་སྲིད་དང་མང་གཙོའི་བྱེད་སྒོ་དང་། སྒྲིག་འཛུགས་རྣམས་ལ་ད་ལྟ་བཙན་བྱོལ་དུ་ཡོད་པའི་གནས་སྐབས་དང་འབྱུང་འགྱུར་བོད་རང་བཙན་ཐོབ་པའི་དུས་སྐབས་གཉིས་ཀར་དེ་དག་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་འབད་རྩོལ་བྱ་རྒྱུ་ཡིན། བཙན་བྱོལ་གྱི་གནས་སྐབས་སུ་ང་ཚོས་བོད་མི་མང་ཚོགས་ཀྱི་ཁྲོད་དུ་མང་གཙོའི་ལྟ་བ་དང་འབྲེལ་བའི་ཤེས་ཡོན་དང་དེ་དག་གི་ཕན་ནུས་ཁྱབ་སྤེལ་བྱ་རྒྱུ། དམིགས་བཀར་གཞུང་གི་ཀ་བ་གསུམ་སྟེ། འཛིན་སྐྱོང་དང་། ཁྲིམས་ལུགས་རྣམས་ཀྱི་ནང་དུ་ཚུལ་བཞིན་ལག་ལེན་འཁེལ་དུ་འཇུག་རྒྱུ་ཡིན། འབྱུང་འགྱུར་རང་དབང་གི་བོད་དེར་ང་ཚོས་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འགུལ་ལ་ཧུར་བརྩོན་ཆེན་པོས་འཁུར་ལེན་ཞུ་རྒྱུར་མང་གཙོའི་ལམ་སྲོལ་བརྒྱུད་ནས་རྒྱ་ཆེའི་མི་མང་གི་རྒྱབ་སྐྱོར་བཙལ་རྒྱུ་ཡིན།

དཔལ་འབྱོར།

༡༽ ང་ཚོས་ཉམ་ཐག་སྡེ་ཚན་གྱི་ཁེ་ཕན་གཙོར་བཟུང་ཐོག་མ་རྩ་དང་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་དཔལ་འབྱོར་ལན་ལུགས་ཀྱི་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་དཔལ་འབྱོར་སྲིད་བྱུས་ཤིག་ལམ་སྟོན་བྱ་རྒྱུ་ཡིན། གཞུང་ནས་དཔལ་འབྱོར་གྱི་ལམ་ལུགས་ལེགས་པར་སྐྱོང་བའི་དོན་དུ་ལྡེང་ངེས་ཀྱི་ཐབས་བྱུས་ཁྲལ་དང་ཁྲིམས་ཀྱི་སྒོ་ནས་བསྐྱང་རྒྱུ་ཡིན།

༢༽ བཙན་བྱོལ་གྱི་གནས་སྟངས་སུ་སྐྱེས་བུ་སྒེར་ནས་ཚོང་འབྲེལ་སྣེ་ཁྲིད་བྱེད་པ་དང་། ལྷག་པར་བོད་མིའི་སྡོད་སྒར་ཁག་ལ་དེ་རིགས་ཀྱི་ཚོང་འབྲེལ་བྱ་རྒྱུར་སེམས་ཤུགས་གོང་མཐོར་སྤེལ་རྒྱུ་ཡིན། འདི་ཡི་ལམ་ནས་དཔལ་འབྱོར་ཡར་རྒྱས་ལས་ཀ་མཁོ་སྤྲོད་བྱ་རྒྱུ་ཕན་པ་མ་ཟད། གཞིས་ཆགས་སམ་སྡོད་སྒར་ཁ་འཐོར་མི་འགྱུར་བ་ལ་ཡང་ཕན་ཐོགས་ཡོང་གི་ཡོད། དེ་དང་ཆབས་ཅིག་དུ་དཔལ་འབྱོར་ལས་ཁུངས་ནས་གཞི་རྒྱ་ཆེ་བའི་ཚོང་འབྲེལ་ལས་དོན་འགོ་འཛུགས་ཀྱིས་བཙན་བྱོལ་སྲིད་གཞུང་ལ་ཆ་རྐྱེན་རང་མཁོ་རང་ལྡེང་ཞིག་ཡོང་བའི་འབྱུང་ཁུངས་ཤིག་བཟོ་ཐུབ་པ་དགོས་པ་ཡིན།

ཕྱི་འབྲེལ།

༡༽ མང་གཙོ་ཚོགས་པས་བར་གནས་གཙང་མའི་སྲིད་བྱུས་ལ་འཇུག་རྒྱུ་ཡིན། དེས་ན་བོད་དེ་སྟོབས་ཆེན་ཤོག་ཁག་བྱེ་བྲག་པ་ཞིག་ལ་ཕྱོགས་རྒྱུ་མིན་ལ། འཛམ་གླིང་རིལ་པོའི་ཞི་བདེ་དང་ཕུན་ཚོགས་ཀྱི་སླད་དུ་རྒྱལ་ཁབ་ཚང་མ་དང་མཉམ་དུ་ཚོང་འབྲེལ་བྱེད་ཕྱོགས་བསམ་བློ་མཐུན་པའི་རྒྱལ་ཁབ་མཉམ་དུ་བྱ་རྒྱུ་ཡིན།

༢༽ བཙན་བྱོལ་གྱི་གནས་སྐབས་འདིར་ཡང་མང་གཙོ་ཚོགས་པས་རྒྱལ་ཁབ་བམ་སྲིད་དོན་ཚོགས་པ་སུ་ཞིག་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་དང་མཉམ་དུ་མཛའ་མཐུན་འབྲེལ་ལམ་དང་མཐུན་འགྱུར་འཚོལ་རྒྱུ་ཡིན། ང་ཚོ་དང་བསམ་ཚུལ་མི་མཐུན་པ་ཁག་དང་མཉམ་དུའང་ཕན་ཚུན་བགྲོ་གླེང་བྱས་ཏེ་ང་ཚོའི་བསམ་བློ་གཏོང་ཕྱོགས་སུ་འགུག་ཐབས་གོ་བཀོན་བྱ་རྒྱུར་འབད་རྩོལ་བྱ་རྒྱུ་ཡིན།

༣༽ རྒྱ་ནག་ཐད། མང་གཙོ་ཚོགས་པས་བོད་ཀྱི་གནད་དོན་ཐག་གཅོད་སླད་བགྲོ་གླེང་བྱ་རྒྱུར་འཇིགས་སྣང་རྩ་བ་ནས་བྱ་རྒྱུ་མིན། ཡིན་ན་ཡང་བགྲོ་གླེང་རྣམས་སྔོན་འགྲོའི་ཆ་རྐྱེན་མེད་པ་དང་། ཕན་ཚུན་གཉིས་ཀར་བརྩི་མཐོང་འདྲ་མཉམ་བྱེད་རེས་ཡོད་པའི་སྒོ་ནས་ངེས་པར་གོ་སྒྲིག་བྱ་དགོས།

༤༽ ཐེ་ཝན་ཐད། མང་གཙོ་ཚོགས་པས་ཕན་ཚུན་གཅིག་གིས་གཅིག་ལ་དབང་ཚད་ཡོངས་རྫོགས་ལྡན་པའི་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱེད་པའི་ཐོག་སྔར་ཡོད་འཁོན་འཛིན་ཇི་ཡོད་འབུར་འཇོམས་སུ་གཏོང་རྒྱུ་དང་། རྙོག་འཛིང་ཚང་མ་ཞི་འགྲིག་ཐབས་ལམ་བརྒྱུད་ནས་ཐག་གཅོད་ཐུབ་ཐབས་བྱ་རྒྱུ།

སྤྱི་ཚོགས།

མང་གཙོ་ཚོགས་པས་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་དྲང་བདེན་སྲ་བརྟན་ཞིག་ཡོང་བར་འབད་རྩོལ་བྱ་རྒྱུ་ཡིན། བོད་ནི་བདེ་དོན་གྱི་རྒྱལ་ཁབ་ཅིག་ཆགས་རྒྱུ་ཡིན།

༡༽ མང་ཚོགས་ཀྱི་འཕྲོད་བསྟེན།

མང་ཚོགས་ཀྱི་འཕྲོད་བསྟེན་ལ་གལ་ཆེར་གཟུང་རྒྱུ་ཡིན། མང་གཙོ་ཚོགས་པ་ནས་བོད་མི་ཡོངས་ལ་གཞི་རིམ་གྱི་འཕྲོད་བསྟེན་རིན་མེད་ཐོག་འབུལ་རྒྱུ་ཡིན། བོད་ཀྱི་སྨན་དཔྱད་ལུགས་ལ་གལ་ཆེན་དུ་གཟུང་རྒྱུ་དང་། བོད་ལུགས་ཀྱི་སྨན་པ་རྣམས་ལ་དེང་དུས་ཀྱི་སྨན་པ་གཅིག་མཚུངས་གཟུང་རྒྱུ་ཡིན། སྨན་དཔྱད་ལུགས་གཉིས་ཀར་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་བཟང་པོ་འབུལ་རྒྱུ་ཡིན།

༢༽ ཡུལ་མི་རྒན་རབས།

བོད་ཀྱི་ལུགས་སྲོལ་དུ་བོད་མི་རྒན་རབས་རྣམས་ལ་ཤེས་རིག་དང་ཉམས་མྱོང་གི་འབྱུང་གནས་སུ་བརྩིས་ཏེ་མཐོང་ཆེན་ཞུ་གི་ཡོད་པ་རེད། རང་གི་ཕ་མ་བགྲེས་སོང་རྣམས་ལ་ལྟ་རྟོག་བྱ་རྒྱུ་དེ་ནི་ན་གཞོན་ཚོས་བྱས་ཤེས་དྲིན་བཟོ་དང་བཟང་སྤྱོད་ཀྱི་ལས་འགན་ཞིག་ཏུ་བརྩི་གི་ཡོད། མང་གཙོ་ཚོགས་པས་དེ་ལྟའི་བཟང་པོའི་ལམ་ལུགས་རྣམས་རྒྱལ་ཁབ་ཀྱི་རྒན་རབས་རྣམས་ལ་ལྟ་སྐྱོང་ལེགས་པར་བྱ་སྟངས་ཀྱི་ཐོག་མངོན་པ་གསལ་བར་བྱ་རྒྱུ་ཡིན། དེས་ན། ང་ཚོས།

ཀ༽ རོགས་མེད་ཉམ་ཐག་དང་། རྒན་རབས། ནད་གཅོང་རྣམས་ཀྱི་ཆེད་སྡོད་ཁང་རྒྱག་རྒྱུ་དང་།

ཁ༽ དེ་དག་ལ་སྲི་ཞུ་སྒྲུབ་བཞིན་པའི་ལས་བྱེད་དང་གཅིག་མཚུངས་ཉོ་ཐང་གུན་གསབ་འབུལ་རྒྱུ།

ག༽ སྒེར་པའི་སྡེ་ཚན་ཚང་མར་བགྲེས་ཡོལ་འཚོ་དོད་ལམ་ལུགས་གསར་གཏོད་བཟོ་རྒྱུ་བཅས་ཡིན།

༣༽ བུད་མེད།

བོད་ཀྱི་ལེགས་བྱང་དུ་བུད་མེད་ཚོར་སྐྱེས་པ་དང་འདྲ་མཉམ་ལྡན་ལ་སྤོབས་པ་བྱེད་འོས་པའི་ལམ་སྲོལ་ཞིག་ཡོད། མང་གཙོ་ཚོགས་པས་དེ་ཉིད་མུ་མཐུད་ཞུ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཙམ་དུ་མ་ཟད། བོད་ཀྱི་བུད་མེད་རྣམས་སྤྱི་ཚོགས་དང་། དཔལ་འབྱོར་གནས་སྟངས་གང་གི་ཁྲོད་དུ་ཡང་རང་གི་ཁྱིམ་དང་ལས་ཀ་བྱ་ཡུལ་གཉིས་ཀར་ཐོབ་ཐང་འདྲ་མཉམ་ཡོང་བ་ལ་རྒྱབ་སྐྱོར་ངེས་གཏན་བྱ་རྒྱུ་ཡིན།

༤༽ མི་འབོར།

རྒྱ་ནག་གཞུང་གི་བོད་ནང་བུ་བཙའ་སྐྱེ་འགོག་གི་བཙན་བཀའི་སྲིད་བྱུས་དེ་ནི་བོད་མིའི་ཆོས་ལུགས་ཀྱི་བསམ་བློ་དང་འགལ་བ་ཙམ་མ་ཟད། ད་ལྟའི་བོད་ཀྱི་དཔལ་འབྱོར་དང་རང་བཞིན་གྱི་གནས་སྟངས་གཉིས་ཀའི་ཐོག་ནས་འོས་འཚམས་མེད་གཤིས། ད་ལྟ་ཡོད་བཞིན་པའི་བོད་མིའི་མི་འབོར་དེ་ནི་ས་ཆའི་རྒྱ་ཁྱོན་ལ་གཞིགས་པའི་མི་འབོར་ཆུང་ཆུང་ཡིན། མང་གཙོ་ཚོགས་པས་བོད་ནང་རྒྱ་ནག་གི་བུ་བཙའ་སྐྱེ་འགོག་གི་བཙན་བཀའི་སྲིད་བྱུས་དེ་ནི་བོད་རྒྱལ་ཁབ་དང་མི་རིགས་རྩ་མེད་གཏོང་རྒྱུའི་ངན་འཆར་སྲིད་བྱུས་ཤིག་ལ་ངོས་འཛིན་ཞུ་གི་ཡོད། མང་གཙོ་ཚོགས་པས་སྲིད་བྱུས་དེར་དཀའ་བ་ཁྱད་བསད་ཀྱིས་ངོ་རྒོལ་བྱ་རྒྱུ་དང་། འདི་ཐད་རྒྱལ་སྤྱིའི་སྡིང་ཆ་ཇི་ཡོད་དགེ་བེད་སྤྱོད་ཐབས་བྱ་རྒྱུུ་ཡིན། མང་གཙོ་ཚོགས་པས་རང་བཞིན་གྱིས་བོད་ཀྱི་མི་འབོར་འཕེལ་བ་ལ་རྒྱབ་སྐྱོར་དགོས་པར་ཡིད་ཆེས་ཞུ་གི་ཡོད། བཙན་བྱོལ་གྱི་གནས་སྐབས་སུ་མང་གཙོ་ཚོགས་པས་ཕྲུ་གུའི་ལྟ་སྐྱོང་དང་ཤེས་ཡོན་ཐོག་དམིགས་བསལ་འགན་ཁུར་བྱ་རྒྱུ་དང་། ཁྱིམ་ཚང་གཅིག་ནང་ཕྲུག་གུ་ལྔ་ལས་མང་བར་སྐྱེས་པ་རྣམས་ལ་མཐོ་སློབ་བར་རིན་མེད་ཤེས་ཡོན་སྤྲོད་རྒྱུ་ཡིན།

༥༽ ཉམ་ཐག་དང་དབང་པོ་སྐྱོན་ཅན།

མང་གཙོ་ཚོགས་པས་སྤྱི་ཚོགས་ཀྱི་ནང་དུ་ཉམ་ཐག་དང་། སྟོབས་མེད་ རིག་པ་གླེན་པ་བཅས་དམར་ལྷུང་རྣམས་ལ་དམིགས་བཀར་ལྟ་རྟོག་དང་། རྒྱུ་མཚན་འདི་ལ་བརྟེན་ནས་ཉམ་ཐག་དང་དབང་པོ་སྐྱོན་ཅན་རིགས་ལ་ལྟ་རྟོག་འཕར་མ་བྱ་རྒྱུ་ཡིན། ང་ཚོས་དབང་པོ་སྐྱོན་ཅན་རྣམས་དང་། རིག་པ་གླེན་པ་རྣམས་ཀྱི་བདེ་དོན་གྱི་ཆེད་དུ་སྒྲིག་འཛུགས་ཁག་བཟོ་རྒྱུར་ཐབས་ཤེས་འཚོལ་རྒྱུ་ཡིན། གང་ལ་གང་འོས་ཀྱི་ལམ་ནས་དེ་དག་རང་རང་གི་རྣམ་དཔྱོད་གང་ཡོད་བེད་སྤྱོད་བྱ་རྒྱུར་གཞོགས་འདེགས་ཀྱིས་ཤེས་རྟོགས་བཟོས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཀྱིས་ཤེས་རྟོགས་བཟོས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་དང་རང་ཉིད་ལ་ལས་ཀ་མཁོ་འདོན་བྱ་རྒྱུ་ཡིན། དེའི་ལམ་ནས་དེ་དག་སྤྱི་ཚོགས་ནས་རོགས་རམ་ལེན་པ་ཙམ་མ་ཡིན་པར་རང་ཉིད་ཀྱི་ངོས་ནས་ཀྱང་སྤྱི་ཚོགས་ལ་ཕན་ཐོགས་བྱ་ཐུབ་པ་བཟོ་རྒྱུ་ཡིན།

ལེགས་བྱང་།

མང་གཙོ་ཚོགས་པས་རང་རེའི་ཕ་མས་ནས་བརྒྱུས་པའི་ལེགས་བྱང་དེར་མཐོངས་ཆེན་དུ་བརྩིས་ཏེ་དེ་ཉིད་སྲུང་སྐྱོབ་དང་གོང་འཕེལ་ཞུ་རྒྱུ་ཡིན། བོད་ཀྱི་ལེགས་བྱང་གིས་ང་ཚོར་ཁྱད་དུ་འཕགས་པའི་ངོ་བོ་ཞིག་མཚོན་པ་དང་། ཆེ་མཐོངས་སྟེར་བཞིན་པ་དེས་ང་ཚོའི་རང་བཙན་འཐབ་རྩོད་གོང་འཕེལ་དུ་གཏོང་བ་ལ་རླབས་ཆེན་གྱི་ཕན་ཐོགས་ཡོང་གི་ཡོད། དེས་ན། ན་གཞོན་ཚོའི་ཤེས་ཡོན་གྱི་མང་གཞིའི་ཁོངས་སུ་རང་རེའི་ལེགས་བྱང་གི་མྱུ་གུ་སྲ་བརྟན་ཐུབ་པ་ཞིག་དགོས་གལ་ཆེ། ང་ཚོའི་ལེགས་བྱང་གི་དཔལ་ཡོན་དེ་ཆོས་ནས་བླངས་ཡོད། རྒྱ་ཁྱོན་ཡོངས་ནས་ཡར་རྒྱས་འབྱུང་བ་ལ་ཆོས་དང་ལེགས་བྱང་ཟུང་དུ་སྦྲེལ་དགོས་པ་ཡིན།

ཤེས་ཡོན།

མང་གཙོ་ཚོགས་པས་ཤེས་རིག་མཁས་ཅན་རྣམས་དང་གྲོས་དྲིས་ཟབ་མོར་ཞུས་ཏེ་རྒྱལ་ཁབ་ཀྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བཟོ་རྒྱུ། ཤེས་ཡོན་སྲིད་བྱུས་དེ་བཞིན་བོད་ཀྱི་ལེགས་བྱང་དང་ལམ་སྲོལ་ནས་བྱུང་བའི་རིན་ཐང་རྣམས་གཞི་རྩར་བཞག་པའི་ཐོག་དེང་དུས་ཀྱི་རིག་གནས་རྣམས་ལ་ཡང་གལ་ཆེན་དང་། ཚན་རིག་གི་གོམས་གཤིས་སྐྱེ་ཐབས་སུ་དམིགས་བསལ་གྱི་འབད་རྩོལ་ནན་ཏན་བྱ་རྒྱུ། སློབ་གྲྭ་ཚང་མར་བཟང་སྤྱོད་ཀྱི་ཤེས་ཡོན་དེ་སློབ་ཚན་དུ་ངེས་ཅན་ཚུད་པ་བཟོ་རྒྱུ་བཅས་ཡིན།

ཆོས།

མང་གཙོ་ཚོགས་པས་ཆོས་ལུགས་རིས་མེད་ཀྱི་སྲིད་བྱུས་ལ་འཇུག་རྒྱུ་དང་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་ཆོས་ལུགས་ཚང་མར་ཆ་སྙོམ་དུ་བརྩི་བཀུར་དང་། ངོས་འཛིན། འདྲ་མཉམ་གྱི་སྲུང་སྐྱོབ་བཅས་བྱ་རྒྱུ་ཡིན།

ཁོར་ཡུག།

བོད་ཀྱི་ལུང་པའི་ཁྲིམས་དང་མི་མང་གི་ཉིན་རེ་བཞིན་གྱི་བྱ་བཞག་དངོས་ཀྱི་འཚོ་བའི་ནང་ཁོར་ཡུག་གི་བསམ་ཤེས་དང་མི་འབྲལ་བའི་ལམ་སྲོལ་སྤོབས་པ་བྱེད་འོས་པ་དེ་དུས་ཡུན་རིང་མོ་ཞིག་ནས་དར་ཁྱབ་བྱུང་ཡོད། མང་གཙོ་ཚོགས་པས་དེ་དག་སོར་གནས་ཐུབ་པའི་སྒོ་ནས་ཁོར་ཡུག་ལ་མི་གནོད་པའི་གནས་སྟངས་དར་འཕེལ་མཐུན་བཤིབ་བྱ་རྒྱུ། དཔལ་འབྱོར་དང་བཟོ་ལས་ཡར་རྒྱས་དེ་དག་ཟུང་དུ་སྦྲེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། མང་གཙོ་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཁྲིམས་དམ་པོ་བཟོས་པའི་ཐོག་ཁོར་ཡུག་གི་བསམ་ཤེས་དེ་མཆོག་དམན་ཀུན་ལ་ཤེས་ཡོན་གྱི་ལམ་ནས་སློབ་སྟོན་དགོས་པར་ཡིད་ཆེས་ཞུ་གི་ཡོད།

དྲིལ་བསྒྲགས་བརྒྱུད་ལམ།

མང་གཙོ་ཚོགས་པས་འགྲོ་བ་མིའི་སྨྲ་བརྗོད་དང་བསམ་བློ་གཏོང་རྒྱུའི་རང་དབང་ལ་རྒྱབ་སྐྱོར་བརྟན་པོ་ཞུ་གི་ཡོད། དེས་ན་ང་ཚོས་དྲིལ་བསྒྲགས་བརྒྱུད་ལམ་དྲང་ཚུགས་འཕེར་བ་ཞིག་ཡོང་བར་སེམས་ཤུགས་སྤེལ་རྒྱུ་དང་ཐབས་ལམ་དེའི་རྒྱུད་ནས་བར་ཆད་ཇི་ཡོད་ཤེས་པར་བྱ་རྒྱུའི་འགོག་རྐྱེན་མཐའ་དག་སེལ་ཐབས་བྱ་རྒྱུ་ཡིན། ང་ཚོ་བཙན་བྱོལ་དུ་ཡོད་པའི་གནས་སྐབས་སུ་རང་དབང་གི་གསར་ཤོག་ལ་དམིགས་བཀར་གྱི་འགན་ཞིག་ཡོད།

སྣེ་ཡོད་ཀྱི་ཆེས་མཐོའི་མི་སྣའི་མང་ཚོགས་དང་འབྲེལ་བའི་བྱ་སྤྱོད་གཙང་མ་དང་། གཞུང་གི་ལས་དོན་བྱ་ཕྱོགས་ཐད་མང་ཚོགས་སུ་ཤེས་རྟོགས་ཕྱི་གསལ་ནང་གསལ།

མང་གཙོ་ཚོགས་པས་སྣེ་ཡོད་ཀྱི་ཆེས་མཐོའི་མི་སྣའི་མང་ཚོགས་དང་འབྲེལ་བའི་བྱ་སྤྱོད་བཟང་དུ་གཏོང་རྒྱུར་གལ་གནད་ཆེན་པོར་ཆ་འཇོག་བྱེད་ཀྱི་ཡོད། དེས་ན་ང་ཚོས་

༡༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པར་བསྐྱར་བཅོས་གཏོང་རྒྱུར་འབད་རྩོལ་ཞུ་གི་ཡིན། དེ་ཡང་བཀའ་བློན་རྣམས་དང་། བོད་མི་མང་སྤྱི་འཐུས། རང་དབང་ལྡན་པའི་སྡེ་ཚན་བཞིའི་འགན་འཛིན། བོད་ཀྱི་སྐུ་ཚབ་དོན་གཅོད། དྲུང་ཆེ་རྣམས་བཅས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཅན་གྱི་ཡིག་ཆ་ལྡན་པ་ཁོ་ནར་ངེས་ཅན་བཟོ་དགོས་པ་ཡིན། ཕྱོགས་གཞན་ཞིག་ནས་ཞུས་ན། གོང་གསལ་དེ་ཚོར་བོད་ཀྱི་ཡུལ་མི་ཁེར་རྐྱང་ཡིན་དགོས་པ་ལས་རྒྱལ་ཁབ་གཞན་གྱི་ཡུལ་མི་མིན་པ་ཞིག་དགོས་རྒྱུ།

༢༽ གཞུང་གི་ལས་ཀ་རྣམས་རྒྱུན་དུ་ཕྱི་གསལ་ནང་གསལ་དགོས་པ་ནན་ཏན་བྱ་རྒྱུ་དང་། མི་མང་མང་ཚོགས་ལ་གནས་ཚུལ་ཆ་ཚང་ཤེས་རྟོགས་ཐུབ་པའི་མཐུན་རྐྱེན་དགོས་པ་བཟོ་རྒྱུ།

༣༽ ཆེས་མཐོའི་གནས་རིམ་གྱི་མི་སྣས་བར་ཟོས་དང་ལྐོག་ཟས་རྙོག་གླེང་བྱུང་རིགས་མཐའ་དག་ལ་ཞིབ་དཔྱོད་དྲི་རྩད་བྱ་རྒྱུ།

༤༽ བཅའ་ཁྲིམས་ནང་དུ་གསལ་འཁོད་བཞིན་བཀའ་བློན་བོད་མི་མང་སྤྱི་འཐུས་ཚང་མར་འོས་ཆོས་ཆ་ཚང་ལྡན་མིན་ལ་འཇུག་གནོན་དམ་དོན་བྱ་རྒྱུ།

༥༽ མི་སྣ་དེ་དག་དྲང་བདེན་དང་ཉམ་ཆུང་གི་འཚོ་བ་སྐྱེལ་བའི་བརྒྱུད་རིམ་སྒོ་ནས་མིག་དཔེར་འོས་པ་ཤ་སྟག་དགོས་རྒྱུ།

དྲང་བདེན་གྱི་འོས་བསྡུ།

རང་དབང་དང་དྲང་བདེན་གྱི་འོས་བསྡུ་བྱ་རྒྱུ་ནི་མང་གཙོ་འཚོ་བའི་སྲོག་དབུགས་ལྟ་བུར་ཡིན་པར་བརྟེན། ང་ཚོས་

༡༽ མི་མང་གི་འཐུས་མི་འདེམས་ཕྱོགས་ནི་སྲིད་དོན་ཚོགས་པ་འདྲ་མིན་ལ་གཞི་བཅོལ་བ་ཞིག་དགོས་པའི་ཁྲིམས་འཆར་དོན་རྒྱུ།

༢༽ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན། རང་བཙན་ལས་འགུལ་ཚོགས་ཆུང་བཅས་ཀྱི་འོས་བསྡུའི་བྱ་རིམ་སྔར་བས་ཚགས་ཚུད་ཡོང་ཐབས་སུ་ཤུགས་སྣོན་བྱ་རྒྱུ་བཅས་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྔོན་གཟིགས་ཀྱི་རྒྱ་ཆེའི་འཆར་འགོད་ཉག་ཅིག་གི་བཀའ་དྲིན་ལ་བརྟེན་ནས་ཡུལ་གྱར་བའི་གནས་བབ་ཀྱི་བོད་མི་རྣམས་ལ་སླར་ཡང་བྱེས་གཞིས་སུ་ཆགས་ཐུབ་པ་བྱུང་ཡོད། སྲིད་བྱུས་བརྟན་བརླིང་དེས་བོད་མིའི་སྡོད་སྒར་མང་པོ་ལོགས་སུ་ཚུགས་ཐུབ་པ་ལ་ཤིན་དུ་མཁོ་བའི་དཔལ་འབྱོར་གྱི་རྟེན་གཞིར་སྨན་པ་ཙམ་དུ་མ་ཟད། རང་རེ་བོད་མིའི་ཆོས་སྲིད་ཀྱི་ལེགས་བྱང་དང་། མི་ཚེའི་གོམས་གཤིས། སྐད་ཡིག་རིགས་བརྒྱུད་གཙང་མ་སྲུང་སྐྱོབ་བྱ་རྒྱུའི་གཞི་རྟེན་རླབས་ཆེན་དུ་གྱུར་ཡོད། རྒྱ་གར་གཞུང་དང་མི་མང་གཉིས་ཀས་དགོས་ངེས་ཀྱི་ཆ་རྐྱེན་རྣམས་མཁོ་འདོན་རོགས་རམ་གནང་ཡོད། ཡིན་ན་ཡང་དུས་ཚོད་རིམ་སོང་གིས་མི་འབོར་མངོན་གསལ་དོད་པོར་གྲངས་འཕར་བྱུང་སྟེ་ཚད་གཞི་ངེས་ཅན་གྱི་སོ་ནམ་ཞིང་ལས་དང་བཟོ་གྲྭ་ཆུང་ཆུང་རྣམས་ཀྱི་མཁོ་བའི་དངོས་པོ་ལྡེང་ངེས་སྤྲོད་མི་ཐུབ་པ་བྱུང་ཡོད། བལ་གོས་འབའ་ལྷན་ཚོང་ལས་དེ་ནི་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ལམ་གལ་ཆེན་གཉིས་པ་ཞིག་ཏུ་འགྱུར་ཡོད། ཡིན་ན་ཡང་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ལམ་འདི་ནི་དཀའ་ངལ་ཆེ་ལ་ཞན་ཆ་མང་པོ་ཡོད་པ་ཞིག་ཡིན། དེས་ན་མང་གཙོ་ཚོགས་པས།

༡༽ ད་ཡོད་བོད་མིའི་སྡོད་སྒར་རྣམས་ཡར་རྒྱས་ཆེད་ཚན་རིག་དང་མཐུན་པའི་སོ་ནམ་མུ་འབྲེལ་གྱི་བཟོ་གྲྭའི་ལས་འགུལ་དང་། བཟོ་གྲྭ་ཆེ་ཁག་ལ་མཁོ་བའི་ཆ་ཤས་དངོས་པོ་བཟོ་འདོན་གྱི་སྡེ་ཚན་གསར་འཛུགས་ལ་གཞི་བཅོལ་རང་མཁོ་རང་འདོན་ཐུབ་ཐབས་ཀྱི་གཞི་རྟེན་བཟོ་རྒྱུ།

༢༽ གནས་སྐབས་བལ་གོས་འབའ་ལྷན་ཚོང་པ་རྣམས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ།

༣༽ རང་ལུགས་ལག་རྩལ་མཁས་པ་རྣམས་ལ་སེམས་ཤུགས་སྤེལ་ཏེ་ལམ་སྲོལ་ནས་བརྒྱུད་པའི་ལག་རྩལ་དེ་རིགས་ལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཁྲོད་དུ་དེ་དག་ལ་ངོས་ལེན་ཞུས་ཏེ་རང་ཉིད་ལ་དེ་ཐད་སྤོབས་པ་བསྐྲུན་རྒྱུ། ང་ཚོས་འཐག་མཁན་དང་། ལྷ་བྲིས། གསེར་བཟོ། ཤིང་བཟོ་བ། ཚེམ་བུ་བ། ལྷམ་བཟོ་བ། འཇིམ་བཟོ་བ། བརྐོས་པ་སོགས་ལ་གཞི་རྩའི་མཐུན་རྐྱེན་སྤྲོད་རྒྱུ་དང་དེ་དག་གིས་བཟོས་པའི་དངོས་པོར་རིན་བབ་ཇེ་མཐོ་ཐོབ་རྒྱུར་ཐབས་ཤེས་ངེས་གཏན་བྱ་རྒྱུ་བཅས་ཡིན།

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་མཛད་རྗེས་གཞན་ཞིག་ནི་བོད་ཀྱི་སློབ་གྲྭ་ཁག་ལོགས་སུ་བཙུགས་པ་ཡིན། ༸གོང་ས་མཆོག་ནས་དུས་རྒྱུན་དུ་བོད་ཕྲུག་རྣམས་ལ་མ་འོངས་བོད་ཀྱི་སོན་རྩ་ཞེེེེས་གསུངས་ཡོད་ཅིང་། གང་གི་ཐུགས་བཞེད་བཞིན་དེང་གི་བོད་མིའི་གལ་གནད་ཅན་གྱི་ལས་དོན་མང་ཆེ་བ་སློབ་གྲྭ་དེ་དག་ནས་ཐོན་པ་རྣམས་ཀྱིས་འགན་འཁུར་བྱེད་བཞིན་པ་རེད། ང་ཚོའི་གྲུབ་འབྲས་འདི་ཐོག་རྒྱ་གར་གཞུང་གི་གཞོགས་འདེགས་ཆེན་པོ་ཞིག་གནང་ཡོད་པར་ངོས་ལེན་ཞུ་གི་ཡོད། འོན་ཀྱང་ད་ལྟའི་གནས་སྟངས་འོག་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ཡོད་པ་གཤམ་གསལ་ལྟར།

 

༡༽ སློབ་གྲྭའི་འཛིན་སྐྱོང་ཡར་རྒྱས་བཏང་སྟེ་བོད་ཕྲུག་རྣམས་ནས་ཐོག་མའི་དམིགས་ཡུལ་བཞིན་རང་གི་རྒྱལ་ཁབ་ཤོར་བ་དེ་བསྐྱར་ལོན་བྱེད་མཁན་ཤེས་ནུས་ཅན་ཞིག་ཏུ་བཟོ་རྒྱུ།

༢༽ ཉིན་རེའི་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་ལས་རིམ་རྣམས་སུ་ནུས་ཤུགས་སླར་གསོ་སྤྲོད་རྒྱུ་དང་། ལས་དོན་དུ་གཞུག་ཕྱོགས་ཀྱི་ལས་རིམ་བརྒྱུད་ནས་ནང་དོན་ཚང་བའི་སྦྱོང་བརྡར་གྱི་གོ་སྐབས་སྤྲད་དེ་དགེ་རྒན་གྱི་གནས་ཚད་བསྐྱར་བཤེར་གྱིས་སྤུས་ཚད་ཇེ་བཟང་དུ་གཏོང་ཐབས་བྱ་རྒྱུ།

༣༽ དགེ་རྒན་དང་དགེ་རྒན་མ་ཡིན་པའི་ལས་བྱེད་རྣམས་ལ་དུས་ནས་དུས་སུ་བོད་ཀྱི་སྔ་བར་ཕྱི་གསུམ་གྱི་གནས་སྟངས་དང་གལ་གནད། འགན་འཁུར་ཐད་དམིགས་བཀར་ཀུན་སློང་སློབ་སྟོན་ངེས་ཅན་སྤྲོད་རྒྱུ།

༤༽ བོད་མིའི་རྒྱུས་གཤིས་ཡ་རབས་ཀྱི་ཤེས་ཡོན་སྦྱོང་བརྡར་སྤྲོད་རྒྱུ་དེ་སློབ་གྲྭའི་སློབ་ཚན་ཁོངས་སུ་ཉེར་མཁོའི་ཆ་ཤས་ཤིག་ངེས་པར་འཇོག་དགོས་རྒྱུ། དེའི་དོན་དུ་དམིགས་བཀར་གྱི་ཆོས་དགེ་བསྐོ་བཞག་དགོས་ལ། ཁོང་རྣམས་ནས་བཟང་སྤྱོད་སློབ་སྟོན་གཅིག་གྱུར་ཡོང་ཐབས་ཀྱི་དོན་དུ་བླ་ཆེན་རྣམས་དང་མཁྱེན་དཔྱོད་ལྡན་པའི་མི་སྣ་རྣམས་ལ་འབྲེལ་གཏུགས་ནན་ཏན་གྱིས་འོས་ཤིང་འཚམས་པའི་སློབ་ཚན་གྱི་དེབ་གཞི་བསྐྱར་སྒྲིག་བྱ་རྒྱུ།

༥༽ བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་སྤྲོད་ཕྱོགས་ཐད་ལེགས་བཅོས་ཆེན་པོ་ཞིག་གཏོང་དགོས། དེའི་འགན་གནད་ནི་གཙོ་བོ་དགེ་རྒན་རྣམས་ལ་རག་ལུས་ཡོད་ཅིང་། ལས་སྒྲོམ་འདིའི་གནད་དོན་ལྟེ་བ་ནི་བོད་རིགས་ཚང་མར་འགན་ཡོད་པ་ཡིན། མང་གཙོ་ཚོགས་པས་འདི་ཐད་ཕན་རླབས་ཆེ་བའི་བསམ་འཆར་འདོན་རྒྱུ་ཡོད།

༦༽ དེང་གི་ཆར་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་དཀའ་ངལ་ཆེས་ཤོས་ནི་ཡིག་ཚད་སྐབས་དྲང་མིན་གྱི་ཐབས་བྱུས་བེད་ལོགས་བྱ་རྒྱུའི་གནས་ཚུལ་གདུག་པ་ཅན་དེ་ཡིན། དཀའ་ངལ་དེར་གང་མྱུར་ཐབས་མཁས་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས།

༧༽ དེང་དུས་ཀྱི་འཕྲུལ་ཆས་ཡར་རྒྱས་ཀྱི་གོམ་སྟབས་དང་མཉམ་པ་ཞིག་ཡོང་རྒྱུ་དགོས་གལ་ཆེ་བར་བརྟེན་མ་འོངས་པའི་སོན་རྩ་རྣམས་ལ་ཚན་རིག་གི་གོམས་གཤིས་བསྐྱེད་ཐབས་བྱ་རྒྱུའི་གནད་དགག་དེ་གལ་ཆེ་ནན་ཏན་ཞིག་དུ་བརྩི་རྒྱུ།

༨༽ རང་རིགས་ཀྱི་ཆོས་དང་ལེགས་བྱང་གི་སྒྲོམ་གཞི་ཕྱུག་པོ་དག་གི་ཐོག་གཞི་བཅོལ་བའི་དེང་དུས་ཤེས་ཡོན་ཡང་དག་པ་རྣམས་རྒྱལ་གཅེས་ཀྱི་རོ་བཅུད་དང་འགྲོགས་ན་སྤྱི་ཚོགས་ཚད་ལྡན་གྱི་གྲུབ་འབྲས་བཟང་ཤོས་རྣམས་རང་ཤུགས་ཀྱིས་སྦྱིན་ཐུབ། དེས་ན་རང་རེའི་ན་གཞོན་རྣམས་བོད་རང་བཙན་གྱི་ཆེད་བློ་ཐག་ཆོད་པའི་དམག་འཐབ་རྩོད་པར་ཐབས་སུ་ཁོང་ཚོར་ཆབ་སྲིད་ཀྱི་དྲག་ཆས་ཡང་དག་པ་ཞིག་སྟེར་དགོས། དེས་ནི་ཁོང་ཚོའི་དོན་དང་ལྡན་པ་ཞིག་ཏུ་བསྒྱུར་ཏེ་མི་ཚེ་ཅུད་ཟོས་སུ་འགྲོ་བའི་བར་ཆད་ལས་ཁ་བསྒྱུར་བྱ་ཐུབ།

༩༽ སློབ་གྲྭའི་གཞི་རིམ་འཛིན་གྲྭར་སློབ་སྦྱོང་སྤྲོད་ལམ་བོད་སྐད་དུ་བསྒྱུར་འགོ་ཚུགས་པ་ནི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། མང་གཙོ་ཚོགས་པ་ནས་སློབ་གྲྭའི་ཤེས་ཡོན་ཆ་ཚང་བ་བོད་སྐད་དུ་བསྒྱུར་བའི་ཆེད་ད་ལྟའི་ལས་འགུལ་འདི་ཉིད་མུ་མཐུད་ཐུབ་རྒྱུར་འབད་རྩོལ་བྱ་རྒྱུ།

༡༠༽ གཏན་འཇགས་སློབ་གྲྭ་ཁག་ཏུ་དམིགས་བཀར་སློབ་འཇུག་བྱེད་ཕྱོགས་ནི་དཀའ་ངལ་ཅན་ཞིག་ཏུ་འགྱུར་བཞིན་ཡོད། འདི་ཐད་ཕ་མ་རྣམས་ཀྱིས་དགའ་ཉེ་བློ་དཀར་རམ་ཉེ་རིང་དང་དྲང་མིན་གྱི་ཐབས་བྱུས་བྱེད་མཁན་གྱི་རིགས་ཡོད་པའི་རྙོག་གླེང་བྱེད་བཞིན་ཡོད། དེར་བརྟེན་སློབ་འཇུག་གི་སྒྲིག་གཞི་བརྟན་བརླིང་གཅིག་གྱུར་ཞིག་བཟོ་དགོས་པ་ཡིན།

༡༡༽ དེ་རིང་གི་ན་གཞོན་རྣམས་སང་ཉིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པོ་ཡིན་ལ། དེ་དག་གི་ངར་ཤུགས་ལྡན་པའི་ནུས་པ་རྣམས་དགེ་མཚན་ལྡན་པའི་ལས་དོན་ཆེད་བེད་སྤྱོད་བྱེད་དགོས། དེ་ལྟར་ཁོང་ཚོ་ནི་ཡར་རྒྱས་ཀྱི་ལས་འགུལ་རིགས་ཚང་མ་དང་འབྲེལ་གཏུགས་དགོས་ལ། ཕྱི་གླིང་པའི་ལེགས་བྱང་ལ་ལད་མོ་བྱ་རྒྱུ་ཙམ་དང་། ཆང་རག་དང་ཉལ་ཐའི་གོམས་གཤིས་སོགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོག་རྐྱེན་གདུག་པ་ཅན་གྱི་ཆོས་རྣམས་ལ་རྒོལ་ཐབས་དང་སྤང་བླང་མི་འཆོལ་ཆེད་མཉམ་གཞུག་ཐུབ་པ་བྱེད་དགོས།

༡༢༽ ཁོང་ཚོའི་སེམས་རྒྱུད་ལ་རང་རེའི་མེས་པོ་ནས་བརྒྱུད་པའི་རྩ་ཆེའི་ལེགས་བྱང་དང་གོམས་གཤིས་བཟང་པོ་ལ་དམིགས་པའི་སྤོབས་པ་དང་། རང་རེའི་མ་འོངས་པར་བློས་གདེང་འཁེལ་བའི་ཡིད་ཆེས་སྟེར་ཐུབ་པ་དགོས།

༡༣༽ རྩེད་རིགས་ནི་ན་གཞོན་གྱི་ནུས་པ་འདྲེན་པའི་ཐབས་ལམ་རླབས་ཆེན་གཞན་ཞིག་ཡིན། དེས་ཁོང་ཚོར་འཕྲོད་བསྟེན་དང་ལུས་སྟོབས། མི་ཚེའི་སྐྱིད་སྣང་ངོ་མ་དེ་སྟེར་ཐུབ། མང་གཙོ་ཚོགས་པ་ནས་གཞུང་འབྲེལ་བརྒྱུད་ནས་ཙམ་མ་ཡིན་པར་ཚོགས་པའི་ཐོན་ཁུངས་ནས་ཀྱང་འབད་རྩོལ་གྱིས་རྩེད་རིགས་མཐུན་རྐྱེན་སྤྲོད་ཐབས་བྱ་རྒྱུ་ཡིན།

 

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྲིད་བྱུས་གསལ་བསྒྲགས་ཡིག་ཆ་འདི་བཞིན་བོད་རྒྱལ་ལོ་ ༢༡༢༢ ཕྱི་ལོ་ ༡༩༩༥ ཟླ་ ༥ ཉིན་གཤམ་གསལ་མིང་རྟགས་འཁོད་སྐབས་དང་པོའི་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་རྣམས་ནས་བཞུགས་སྒར་རྡ་རམ་ས་ལར་གཏན་འབེབས་ཐག་གཅོད་ཞུས་ཡིན།

༡༽ ཚོགས་གཙོ། སྤྱི་འཐུས་ཀརྨ་ཆོས་འཕེལ།

༢༽ ཚོགས་གཞོན། སྤྱི་འཐུས་ཀུན་དགའ་ཚེ་རིང་།

༣༽ ཚོགས་གཞོན། སྤྱི་འཐུས་ཀརྨ་རྒྱ་མཚོ།

༤༽ སྤྱི་ཁྱབ་དྲུང་ཆེ་དང་སྒྲིག་འདོམས་པ། རྡ་ས་ས་གནས་འགོ་འཛིན་ཟླ་བ་ཚེ་རིང་།

༥༽ སྤྱི་ཁྱབ་དྲུང་ཆེ་དང་མགྲིན་ཚབ་པ། སྤྱི་འཐུས་ནམ་མཁའ་བསྟན་འཛིན།

༦༽ སྤྱི་ཁྱབ་དྲུང་ཆེ། སྦེལ་ཀོབ་རང་བདེན་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས།

༧༽ སྤྱི་གཉེར། རྡ་ས་རང་བདེན་ཚོགས་གཙོ་བློ་གྲོས་བཟང་པོ།

༨༽ དངུལ་གཉེར། བསོད་ནམས་ཆོས་སྒྲོན།

༩༽ ཟུང་འབྲེལ་དྲུང་ཆེ། སྨན་པ་པད་མ་རྡོ་རྗེ།

༡༠༽ ཟུང་འབྲེལ་དྲུང་ཆེ། ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས།